མེ་ཏོག་བཅུད་ལེན་གྱི་སྒྲུབ་ཐབས།

                                   མེ་ཏོག་བཅུད་ལེན་སྒྲུབ་ཐབས་བཤད་པ་ལ་གསུམ་ཡོད་དེ།
སྔོན་འགྲོ། སྔོན་གཞི། རྗེས་ཀྱི་ཕན་ཡོན་ནོ། དང་པོ་སྔོན་འགྲོའི་མེ་ཏོག་ཐུ་བ་ནི། བཅུད་ལེན་གྱི་མེ་ཏོག་དེ་ཕྱོགས་གང་སའི་མེ་ཏོག་ཐུ་རུང་བ་མ་ཡིན། གཞུང་གི་ནང་དུ་ས་གཙང་མ་ལ་སྐྱེས་པའི་མེ་ཏོག་དགོས་གསུངས་པ་ལས་ས་གཙང་མའི་ཚད་གཞི་ངོས་འཛིན་གསལ་པོ་རང་བྱེད་མེད་ཀྱང་བླ་མའི་སྙན་བརྒྱུད་ལས་རི་བོ་མཐོ་ས་དང་གངས་རིའི་ཉེ་འདབས་ཀྱི་མེ་ཏོག་དང་། ཆེས་མཐོ་བའི་རྫ་སྤང་གི་ཉེ་འགྲམ་ཡོད་པའི་མེ་ཏོག་གི་རིགས་བྱུང་ན་ཤིན་ཏུ་ལེགས་པ་ཡིན། མེ་ཏོག་སྐྱེ་སའི་རི་བོ་དེ་ཡང་ཁ་ཤར་ཕྱོགས་སུ་བསྟེན་ནས་ཡོད་པ་ཞིག་ཡིན་དགོས་ཤིང་། ཡང་མེ་ཏོག་སྐྱེས་སའི་རི་དང་ཐང་གང་ཡང་རུང་བ་དེ་ཁ་ཤར་ཕྱོགས་སུ་བསྟེན་ཙམ་མི་ཆོག་པ་མེ་ཏོག་རང་གི་ཁ་དེ་ཡང་ཤར་ཕྱོགས་སུ་བསྟེན་པ་ཞིག་ཡིན་དགོས་པ་རེད། མེ་ཏོག་དེ་ཡང་དུག་གི་རིགས་མེད་པ་དང་སྨན་སྣའི་གྲས་སུ་འགྲོ་བའི་མེ་ཏོག་གི་རིགས་ཡིན་དགོས། དུག་རིགས་མེད་པ་འབྲས་བུ་ཅན་གྱི་ཤིང་གི་མེ་ཏོག་ཡིན་ཡང་ཆོག་པ་ཡིན། མེ་ཏོག་ཐུ་དུས་རང་དགའ་ལག་པས་འཇུས་ནས་ཐུ་རུང་བ་མ་ཡིན། ཐོག་མ་རང་གིས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས་རང་ཉིད་རྡོ་རྗེ་ཕག་མོ་དཀར་མོ་ཡིན་སྙམ་པའི་བསྐྱེད་རིམ་གྱི་དམིགས་པ་གསལ་བཏབ་ནས་ཕག་མོའི་སྙིང་པོ་བཟླས་བཞིན་དུ་ཕྱག་གཡས་པས་གྲི་གུག་གིས་མེ་ཏོག་གི་སྐེད་ནས་བཅད་པ་བསམ་ལ། ཕྱག་གཡོན་མས་ཐོད་པའི་སྣོད་ཀྱི་ནང་དུ་བླུགས་པ་བསམ་བཞིན་དུ་ཐུ་བར་བྱ། གྲི་གུག་དང་ཐོད་པ་དངོས་ཡོད་ན་ལེགས་མོད་ཀྱང་མེད་ན་དམིགས་པ་སྐྱེས་ནས་ཐུ་ན་ཆོག་པ་ཡིན། མེ་ཏོག་རྣམས་རུལ་བ་དང་སུམ་མེད་པའི་གྲིབ་བསྐམ་བྱ། མེ་ཏོག་གྲི་བསྐམ་བྱས་པའི་ཆ་གཉིས་དང་སྨན་སྣ་གྲི་བསྐམ་བྱས་པའི་ཆ་གཅིག་མཉམ་དུ་བླུགས་ཤིང་སྨན་སྣ་དེ་ཡང་སོ་སོའི་ནད་ལ་ཕན་བའི་སྨན་སྣ་མང་ཙམ་དུ་བླུགས་ན་བཟང་བ་ཡིན། མེ་ཏོག་དང་སྨན་གཉིས་བྲེ་གང་ཙམ་ཞིག་མཉམ་དུ་རྩམ་པ་ལྟར་ཕྱེ་མ་ཐག་ནས་རིལ་བུ་ཁམ་བུ་ཆེ་ཆུང་ཙམ་རེ་བསྒྲིལ་བར་བྱ། རིལ་བུ་རྣམས་ཉི་མའི་འོད་ཟེར་མེད་པའི་ས་གཙང་དང་རླུང་གཙང་ཕོག་སར་གྲིབ་བསྐམས་ལེགས་པོར་བྱས་ནས་སྣོད་གཙང་མ་ཞིག་གི་ནང་དུ་བླུག་པར་བྱ། གཉིས་པ་དངོས་གཞི་ནི། བཅུད་ལེན་མེ་ཏོག་གི་རིལ་བུ་སྒྲུབ་སའི་གནས་ཁང་བྱི་དོར་ལེགས་པར་བྱེད་དེ། སྟེགས་བུའི་ཐོག་ཏུ་རྡོ་རྗེ་ཕག་མོའི་སྣང་བརྙན་དང་ཐོད་པའི་ནང་དུ་རིལ་བུ་རྣམས་ཀྱང་བཤམས་ནས་རྟེན་གྱི་མདུན་དུ་ཉེས་སྤྱོད་མཆོད་པ་ཡང་བཤམ་མོ།
                                                           འདིའི་འཕྲོ་མུ་འགོད།



 

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།