དགེ་རྩ

                        གསལ་བསྒྲགས།




མཛེས་ཉམས་ཀྱི་འོད་སྟོང་འབར་བའི་དབེན་ཁྲོད་འདི་ནི་སྨར་སྟོང་ཁྱུང་འབུམ་ནས་རྟ་ལམ་ཉིན་ཕྱེད་ཀྱི་ས་ན་ཡོད། ལ་རེ་དབེན་ཁྲོད་འདི་སྨར་ཚང་བཀའ་བརྒྱུད་ཀྱི་གྲུབ་ཆེན་མང་པོའི་རྟོགས་པ་བརྙེས་པའི་དབེན་ཁྲོད་ཅིག་ཡིན་ཚུལ་འགྲེལ་ཡང་ད་བར་ཁོངས་ལྡན་གྱི་ལོ་རྒྱུས་རྙེད་དཀའ་བའི་དཔྱད་གཞི་ཞིག་ཏུ་གྱུར་ཡོད། གལ་ཏེ་གནས་དེར་རྡོ་ལ་བརྐོས་པའི་ཡིག་འབྲུ་དང་བླ་སྐུ་སོགས་གློག་འཕྲུལ་གྱིས་དཔྱད་ཞིབ་བྱས་ནས་ལོ་རབས་བརྒྱད་བརྒྱ་ལྷག་སོང་བའི་དཔང་རྟགས་རྙེད་ན། དབེན་ཁྲོད་འདི་སྨར་ཚང་གི་སྐྱེས་མཆོག་གོང་མ་རྣམས་ཉམས་རྟོགས་ཀྱི་གཤོག་རླབས་རྒྱས་པའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་རེད་སྙམ། འདི་ཡོངས་གྲགས་ཀྱིས་བཤད་སྲོལ་ལྟར་བྱས་ན་རབས་བྱུང་བཅུ་དྲུག་པའི་ལོ་སྟོད་ཙམ་ལ་འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་མཆོག་གིས་རི་ཁྲོད་འདི་ཕྱག་བཏབ་ཚུལ་འགྲེལ། ཐུགས་སྲས་ཆོས་གྲགས་རྒྱ་མཚོས་ཀྱང་རི་ཁྲོད་འདི་འགྲོ་མགོན་མཆོག་གིས་ཕྱག་བཏབ་ཚུལ་གསུངས་ཀྱང་ཁོང་ཚོ་ཕེབས་དུས་སྒྲུབ་ཕུགས་རྙིང་མ་ཡོད་མྱོང་བའི་བཟོ་དབྱིབས་འདུག་ཅེས་གསུང་མྱོང་བ་ཞིག་ཀྱང་རེད།
དབེན་ཁྲོད་འདི་འགྲོ་མགོན་གངས་རི་ཀརྨ་མཆོག་གི་ཐུགས་སྲས་གང་ཚོང་བླ་མ་ཆོས་གྲགས་རྒྱ་མཚོ་མཆོག་ཀྱང་སྐུ་ཚེ་ཧྲིལ་པོ་ནྰ་རོ་ཆོས་དྲུག་དང་རྫོགས་ཆེན་སོགས་ཉམས་ལེན་མཛད་པས་རྟོགས་པ་ནམ་མཁའ་དང་མཉམ་པ་གྱུར་ཡོད། ད་ལྟ་ཡང་ཁོང་གི་ཚོར་སྐྱོང་གནང་བའི་སློབ་རྒྱུད་རྣམས་ཀྱིས་ཚེ་གཅིག་སྒོམ་སྒྲུབ་ཉམས་ལེན་གནང་ཞིག་ཡོད་པས་སྨར་ཚང་བཀའ་བརྒྱུད་ཀྱིས་ཁོང་རྣམས་ལ་སྲི་ཞུ་སྒྲུབ་མུ་ཡིན།
    

ཐེ་ཝན་ནས་བོད་ལ་གོས་ཆས་སྐྱོབ་གསོ་ཕྱག་ལས་གནང་བའི་འདྲ་པར་ཡིན། ཁོང་ཚོའི་ཕ་མས་བུ་ཕྲུག་ལ་འགྲོ་བ་མི་ཡི་འཚོ་བ་སྐྱེལ་མཁན་ཞིག་ལ་བྱམས་སྙིང་རྗེ་དང་གཞན་ཕན་ནི་དགོས་མཁོ་ཆེན་ཤོས་ཡིན་ཚུལ་བསྐོར་སློབ་གསོ་ཡང་ཡང་གནང་གི་ཡོད་པ་རེད། ཕྲུ་གུ་ཚོ་ཆོས་ལ་དད་གུས་ཆེ་བ་དང་ཕ་མས་གནང་བའི་རྔན་པ་ནོར་སའི་དངུལ་གྱི་ནང་ནས་རང་གི་ལོ་ཚད་མཉམ་པ་ཚོའི་ཆེད་དུ་གོས་ཆས་ནོར་ནས་བོད་ལ་གཏོང་གི་ཡོད་པ་རེད། 
སྒམ་འདི་རྣམས་མཚོ་གྲུ་རྒྱུན་ནས་བོད་དུ་གཏོང་དུས་རང་གི་ཉིན་རེ་འཚོ་བའི་ལས་ཀ་ཡང་མཚམས་བཞག་ནས་བཟའ་མི་བུ་ཕྲུག་ཚང་མས་ཕྱག་ལས་གནང་གི་ཡོད། དུས་རྒྱུན་དུ་ཉིན་མོ་རང་གི་འཚོ་གོས་ཆེད་དུ་ལས་ཀ་བྱས་ནས་དགོང་མོའི་དུས་ཚོད་ཕལ་མོ་ཆེར་ནང་ཆོས་ལ་སློབ་སྦྱོངས་བྱེད་ཀྱི་ཡོད། ནང་ཆོས་ལ་རྟེན་ནས་འགྲོ་བ་མི་རྣམས་བདེ་སྡུག་གི་འཚོ་བར་རོལ་མཁན་གཅིག་འཚུངས་སུ་ཡིན་པའི་ཚོར་སྣང་གསར་པ་ཞིག་ཤེས་རྟོགས་ཐུབ་ཀྱི་ཡོད། རང་དང་མཉམ་པ་དང་དམན་པ་ལ་བསམ་ཞིབ་ཡང་ཡང་བྱས་པའི་བློ་གསར་པ་ཞིག་སྐྱེས་ནས་ཉམ་ཐག་རྣམས་འཕྲལ་གྱི་སྡུག་བསྔལ་སེལ་བའི་ཐབས་ལ་དངོས་སུ་འབད་བརྩོན་བྱས་པའི་སྐྱེ་བུ་སེམས་བཟང་ཞིག་ཏུ་འགྱུར་གྱི་ཡོད། སེམས་ལ་སྙིང་རྗེ་དང་བྱམས་པའི་མཛེས་ཆོས་བརྒྱན་པའི་ཐེ་ཝན་མི་མང་ལ་སྨར་ཚང་ལས་ཁུངས་ནས་ཐུགས་རྗེ་ཞུ།

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།