པར་མཛོད

འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་པར་མཛོད།
 
 
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་རིང་ལུགས་གསེར་གྱི་ཡང་ཞུན་དེ་དར་ནས་ལོ་འཁོར་བརྒྱད་ལྔ་བཅུ་འཁོར་བའི་དུས་དྲན་ཉིན་མོར་ཀུན་བཟང་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་རྟེན་འབྲེལ་ཆེད་དུ་ཀུན་བཟང་འཁོར་ལོ་འདི་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་བརྩམས།
 
 
 
 
 
 
 
 
 སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་བཤད་སྒྲུབ་དར་རྒྱས་གླིང་གི་མཆོད་བཤམ་ཡིན
 
 འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་དང་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་ཚོགས་ཞིང་བླ་མ་མཆོད་པའི་ཐང་ཀ་ཡིན།
 
དབྱིན་ལེན་གྱི་རྒྱལ་ས་ལོན་སྒྲོན་གྱི་རྫོང་དཔོན་མཆོག་སྐུ་མགྲོན་གཙོ་བོ་ཕེབས་ཡོད་པས་ཁོང་གིས་སྨར་ཚང་བཀའ་བརྒྱུད་ཀྱི་དབྱིན་ལེན་སོགས་རྒྱལ་ཁབ་མང་པོ་ནང་ད་ལྟ་མི་ལ་དགོས་མཁོ་ཆེ་བའི་སེམས་ཁམས་ཀྱི་རྣམ་བཞག་བསྐོར་དང་། ཚན་རིག་དང་མཐུན་པའི་ཆོས་ལུགས་སྤེལ་བ་འདིར། སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན་ཞེས་སོགས་བཀའ་སློབ་རླབས་ཆེན་གནང་བ་རྣམས་ཤེས་པ་འདོད་ན་སྒྲ་ཐག་བརྙན་འཕྲིན་ལ་གཟིགས་རོགས།
 
རིན་པོ་ཆེ་མཆོག་གི་སློབ་མ་ལམ་རིམ་སླབ་པ་མཐར་སོན་ཞིང་སྨར་ཚང་བཀའ་བརྒྱུད་ཀྱི་སྦྱིན་བདག་ཆེན་མོ་ཇུན་ལེན་ཨ་ནི་མཆོག་གིས་སྨར་ཚང་བཀའ་བརྒྱུད་ཀྱི་ལོ་རྒྱུས་དང་གངས་རི་ཀརྨ་རིན་པོ་ཆེའི་ལོ་རྒྱུས། སྨར་ཚང་བཀའ་བརྒྱུད་ཀྱི་འགྲོ་བ་མི་ལ་སེམས་ཁམས་ཀྱི་བདེ་སྐྱིད་བསྐྲུན་བ་འདི་དར་སྤེལ་གཏོང་དགོས་པའི་བསྐོར་གཏམ་བཤད་གནང་བ།
རིན་པོ་ཆེ་མཆོག་གི་ཞལ་སློབ་ལམ་རིམ་སླབ་པར་མཐར་སོན་པའི་སེམས་ཁམས་ཚན་རིག་གི་འབུམ་རམས་པ་སི་ཕན་སི་མཆོག་གིས་སྨར་ཚང་བཀའ་བརྒྱུད་ལམ་རིམ་གྱི་དགོངས་དོན་དང་འབྲེལ་སྨར་ཚང་བཀའ་བརྒྱུད་འདི་ང་ཚོ་ལ་གལ་ཆེན་གྱི་སྙིང་ནོར་ཞིག་ཡིན་ཚུལ་གཏམ་བཤད་གནང་བ།
 
 


 
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་དར་ནས་ལོ་༨༥༠་འཁོར་བའི་དུས་དྲན་འདི་ནས་བཟུང་མ་འོངས་པ་ལོ་བཅུ་རེ་མཚམས་སུ་དུས་དྲན་རེ་ངེས་པར་ཞུ་རྒྱུ་ཡིན།  དུས་དྲན་གྱི་ཉིན་མོར་ང་ཚོས་ལོ་བཅུ་ཕྲག་རེ་ལ་ཉམས་གསོས་ཀྱི་ལས་འགུལ་གྱི་ཁྲོད་ནས་དར་རྒྱས་ཀྱི་རྣམ་པ་གསར་པ་རེ་ངེས་པར་མངོན་ཐུབ་ཐབས་བྱེད་དགོས།
ད་ལྟ་ཐོག་མ་ཉམས་གསོ་འགོ་བཙུགས་དུས་ལས་འགུལ་དེ་མགོ་རྙོག་ཆེ་བ། བྱ་ཐབས་དཀའ་བ་ཞིང་མདུན་ལམ་མེད་པའི་ས་ཆ་ཞིག་ལ་ང་ཚོ་སེམས་ཤུགས་རི་རབ་ལྟ་བུ་ཞིག་འཁུར་ནས་མདུན་བསྐྱོད་བྱས་པའི་རྒྱུན་རིང་ལ།  རྒྱ་ཕྱི་ནང་གི་ཕྲག་དོགས་དང་འགྲན་སེམས་ཀུན་ནས་སློང་ནས་དོན་མེད་གདོང་ལེན་བྱས་པའི་ལས་རིམ་སྣ་ཚོགས་སུ་འཕྲད་ཀྱང་། ང་ཚོས་ཞི་དྲག་གཉིས་ཀྱིས་མདུན་ལམ་གཙང་མ་བཟོས་བཞིན་ད་ལྟ་གནས་ཚན་འདིར་སླེབས་པ་རེད།  བོད་པ་ལ་གཏམ་དཔེ་ཞིག་ཡོད། ཨ་ཕོ་ཧོར་གྱིས་ལ་ཆེན་པོ་དེ་རྒྱག་ནས་འོང་བ་དེ་མི་མཐོང་བ་། ཨོ་ཕོ་ཧོར་གྱི་མར་གྱི་ཐུ་ཞིམ་མོ་དེ་ཟ་བ་མཐོང་གིས་ཡོད་ཅེས་པ་ལྟར། འགན་འཁུར་དང་ལས་མེད་ཀྱི་སྐྱེ་བོ་ཕལ་བ་ཚོས་སྨར་ཚང་བཀའ་བརྒྱུད་ལས་ཀྱི་སྣེ་མོ་བ་ཚོས་ཉིན་མཚན་དབྱེར་མེད་དུ་དཀའ་ལས་རྒྱག་པ་དེ་མ་མཐོང་པ་རེད། ང་ཚོའི་ལས་བྱེད་ཚོ་ལྷག་བསམ་གངས་རི་ལས་ཀྱང་དཀར་བ་ཞིག་སྙིང་དབུས་སུ་བསྐྱངས་ནས་ལས་འགུལ་སྤེལ་བའི་གྲུབ་འབྲས་སྙིང་པོ་ཞུ་ན། སྨར་ཚང་བཀའ་བརྒྱུད་དེ་སྨར་ཁམས་དང་ཡང་ན་བྲག་གཡབ་ལྟ་བུ་ས་ཆ་ཞིག་གི་ས་རྡོ་དང་། ལྷ་ཁང་ལྟ་བུ་ཞིག་གཏན་ནས་མ་རེད།  མི་སྒེར་པ་ཞིག་ནི་དེས་ཀྱང་མ་རེད། སྨར་ཚང་ཡོད་མེད་དང་ཡིན་མིན་གྱི་ཚོད་འཛིན་ས་ནི་ཆོས་རྗེ་སྨར་པའི་ཐུགས་ཀྱི་དགོངས་ཀློང་ལས་བརྡོལ་བའི་གདམས་ངག་དང་དེའི་ཞལ་སློབ་རིམ་རྒྱུན་གྱི་མན་ངག་དེ་དག་རེད།  དེ་རྒྱུན་འཛིན་བྱས་མཁན་བོད་རིགས། རྒྱ་རིགས། མགོ་སེར་པོ་དང་ནག་པོ་སུས་ཤིག་གིས་འཛིན་སྐྱོང་བྱེད་ན་དེས་སྨར་ཚང་བཀའ་བརྒྱུད་འཛིན་སྐྱོང་བྱེད་པ་རེད། དེ་ཉམས་ལེན་བྱས་མཁན་དེ་སྨར་ཚང་བཀའ་བརྒྱུད་རྗེས་འབྲང་པ་རེད། མདོར་བསྡུས་ན། ང་ཚོས་ལོ་བཅུ་ཕྲག་གཅིག་གི་རིང་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་དང་རིགས་གཞུང་ཐམས་ཅད་བསྡུས་རུབ་ལེགས་གྲུབ་བྱུང་བ་དེ་རེད། དེ་དག་ལས་འགན་འཁུར་མཁན་གཙོ་བོ་གསུམ་ལ་བྱ་དགའ་ཕུལ་བ་རེད། ་ད་དུང་ལྷག་བསམ་ཅན་ཡོངས་ལ་ངས་ཐུགས་རྗེ་ཞུས་ཀྱིན་ཡོད། ད་ལྟ་ལས་འགན་འཁུར་བཞིན་པའི་ལོན་སྒྲོན་ཆོས་ཚོགས་ཀྱི་ལས་བྱེད་ཚོ་ལོ་བཅུ་ཕྲག་གཅིག་གི་རྗེས་སུ་བྱ་དགའ་ཕུལ་རྒྱུ་ཡིན། བྱ་དགའ་མ་ཕུལ་གོང་དུ་ངས་ངོ་གདོང་ནག་པོ་མང་ཙམ་བསྟན་དགོས་ཀྱིན་རེད། ཧ་ཧ་ཧ། བཀྲ་ཤིས་བདེ། ཞེས་གཏམ་བཤད་མཇུག་བསྡུས་སོང་བར་ཚང་མས་དགའ་སྤྲོ་ཆེན་པོས་ཕྱག་རྡབ་པའི་སྒྲའི་ལྡིང་སྒྲ་གྲགས་སོང་། །
 
 
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་དར་ནས་ལོ་༨༥༠་འཁོར་བའི་དུས་དྲན་སྲུང་བརྩེས་ཀྱི་དགའ་སྟོན་ཉིན་མོར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་སྨར་པ་ཤེས་རབ་ཡེ་ཤེས་ཀྱིས་སྐུ་ཚེ་ཧྲིལ་པོ་སྒོམ་སྒྲུབ་ཉམས་ལེན་གྱི་སྙིང་པོ་མགུར་གྱི་དབྱངས་སུ་བླངས་པའི་མགུར་འབུམ་སྡེ་ཚན་འདི་ཐོག་མ་པར་བསྐྲུན་ཞུ་ནས་སྒོ་འབྱེད་མཛད་པ་ཞིག་རེད།
མགུར་འབུམ་འདི་ལོ་བརྒྱད་བརྒྱ་ལྷག་ནས་བཟུང་ལག་བྲིས་ཁ་ན་ཙམ་ཡིན་པས་དཔར་བསྐྲུན་ཞུ་བ་དང་པོ་དང་། སྒོ་འབྱེད་བྱེད་པ་དང་པོ་ཡིན། སྒོ་འབྱེད་བྱེད་པ་པོ་རྗེ་སྨར་པའི་སྲས་ཀྱི་ཐུ་བོ་འགྲོ་མགོན་རིན་ཆེན་གྱི་མཆོག་གི་སྤྲུལ་སྐུ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་མཛད།
 
སྨར་ཚང་བཀའ་བརྒྱུད་དར་ནས་ལོ་༨༥༠་འཁོར་བའི་དུས་དྲན་གྱི་མཛད་སྒོ་དབྱིན་ལེན་གྱི་རྒྱལ་ས་ལོན་སྒྲོན་ལ་འདུས་འཛོམས་སྐབས་སུ། སྨར་ཚང་ཉམས་གསོ་སྐབས་ལས་འགུལ་ཐོག་མ་སྤེལ་ནས་བཟུང་ལོ་བཅུ་གྲངས་རིང་དབུ་འོག་དཔུང་བཏེགས་བྱས་མཁན་ཐེ་ཝན་སྨར་ཚང་བཀའ་བརྒྱུད་ཚོགས་གཙོ་ཟུར་པ་དང་སྨར་ཚང་རྒྱལ་ཡོངས་ཚོགས་པའི་དྲུང་ཆེན་ལས་ཐོག་པ་ཤེས་རབ་སྒྲོལ་མ་མཆོག་ལ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་བྱ་དགའ་གཟི་བརྟགས་ཕུལ།
 

 
སྨར་ཚང་བཀའ་བརྒྱུད་དར་ནས་ལོ་༨༥༠་འཁོར་བའི་དུས་དྲན་གྱི་མཛད་སྒོ་དབྱིན་ལེན་གྱི་རྒྱལ་ས་ལོན་སྒྲོན་ལ་འདུས་འཛོམས་སྐབས་སུ། སྨར་ཚང་ཉམས་གསོ་སྐབས་ལས་འགུལ་ཐོག་མ་སྤེལ་ནས་བཟུང་ལོ་བཅུ་གྲངས་རིང་དབུ་འོག་དཔུང་བཏེགས་བྱས་མཁན་ཐེ་ཝན་གྱི་ཐེ་ཀྲོང་ཆོས་ཚོགས་འཕྲིན་ལས་མཁའ་ཁྱབ་གླིང་གི་ཚོགས་གཙོ་ཙང་ཀོའུ་ཆོས་མཆོག་ལ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་བྱ་དགའ་གཟི་བརྟགས་གནང་བར།
 
སྨར་ཚང་བཀའ་བརྒྱུད་དར་ནས་ལོ་༨༥༠་འཁོར་བའི་དུས་དྲན་གྱི་མཛད་སྒོ་དབྱིན་ལེན་གྱི་རྒྱལ་ས་ལོན་སྒྲོན་ལ་འདུས་འཛོམས་སྐབས་སུ། སྨར་ཚང་ཉམས་གསོ་སྐབས་ལས་འགུལ་ཐོག་མ་སྤེལ་ནས་བཟུང་ལོ་བཅུ་གྲངས་རིང་དབུ་འོག་དཔུང་བཏེགས་བྱས་མཁན་ཐེ་ཝན་ཐེ་པེ་ཆོས་ཚོགས་ཀུན་ཕན་ཤེས་རབ་གླིང་གི་ཚོགས་གཙོ་ཨོ་རྒྱན་རྡོ་རྗེ་མཆོག་ལ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་བྱ་དགའ་གཟི་བརྟགས་གནང་བ།
 
 
 
 
སྨར་ཚང་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་མཛད་སྒོར་གཏམ་བཤད་སྐབས་སུ། སྨར་ཚང་བཀའ་བརྒྱུད་ཀྱི་ཆེད་དུ་ཐུགས་འཁུར་རླབས་ཆེན་བཞེས་མཁན་ཤར་ཨ་ཤེ་ཡ་དང་ནུབ་ཡུག་རོལ་གྱི་བར་འབྲེལ་ཡོད་རྣམས་ལ་འཚམས་འདྲི་དང་འབྲེལ་རོགས་རང་དང་ཐུགས་འཁུར་གནང་བར་ཐུགས་རྗེ་ཆེ་གསུངས་ཡོད་པ་རེད།
 
 
སྒོ་འབྱེད་སྐབས་མཆོད་རྫས་ལག་ཏུ་ཐོགས་མཁན་ཚོས་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་རོལ་དབྱངས་སུ་བླང་བཞིན་པའི་སྐབས་ཡིན།
 
 
 
 
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱིས་ལོན་སྒྲོན་ཆོས་ཚོགས་སྒོ་འབྱེད་ཀྱི་རྣམ་པ་ཟུར་ཞིག་ཡིན།
 
 
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་ཕྱི་ལོ་༢༠༡༦་གསར་དུ་བསྐྲུན་པའི་དབྱིན་ལེན་ལོན་སྒྲོན་ཆོས་ཚོགས་བཤད་སྒྲུབ་དར་རྒྱས་གླིང་ཡིན།
 
 མདོ་སྔགས་རམས་འབྱམས་སྨྲ་བའི་དགེ་བཤེས་ངག་དབང་མཆོག་ལྡན་གྱིས་ཁ་ན་ཌ་ལ་ཕྱི་ལོ་༡༠༡༤་ཟླ་༡༡་ཚེས་༨་ལ་ཆོས་ལུགས་ཁག་གི་ཚོགས་འདུས་དབུས་སུ་བཀའ་སློབ་གནང་བཞིན་པ།
 
 
 
 
 
དབྱིན་ལེན་དུ་སྨར་ཚང་བཀའ་བརྒྱུད་ཀྱི་ཚོགས་པ་ཚོགས་པའི་སྐབས་ཀྱི་བརྙན་པར་ཡིན།
ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་གངས་རི་ཀརྨ་གཟུགས་མཐོང་དུ་སྟོན་པ།
 
 
འདི་གངས་རི་ཀརྨའི་རྒྱ་ཡིག་གི་དེབ་གསར་པ་ཞིག་ཡིན།
 
 
ཐེ་ཝན་དེབ་ཁང་དུ་གངས་རི་ཀརྨ་པའི་དེབ་གསལ་བསྒྲག་སྟོན་པ།
འདི་གངས་རི་ཀརྨ་པས་རྩོམ་པའི་དབྱིནཡིག་ཐོག་གི་དེབ་ཡིན།
 
 
འདི་ནི་ཕར་རེ་སྲིན་གྱི་འབྲོག་སར་ཤ་བ་དཀར་པོ་ལ་ལྟ་བཞིན་པ།
དཔལ་ལྡན་གུ་ཎ་དགོན་པའི་གྲྭ་ཤག་གི་བཀོད་པ།
 
 
 
དཔལ་ལྡན་གུ་ཎ་དགོན་པ་ནི་ས་པཎ་གྱི་ཞལ་སློབ་དབུ་ནམ་མཁའ་བཟང་པོས་བོད་རབ་བྱུང་བཞི་པའི་ཆུ་ཡོས་ཕྱི་ལོ་༡༢༤༣ ལོ་སྨར་ཁམས་ཀྱི་ཤར་ཕྱོགས་དངུལ་མཁར་འགག་གི་མགོ་ལེགས་རི་ལ་ཕྱག་བཏབ་པའི་དགོན་སྡེ་ཞིག་ཡིན།
དགོན་འདི་ལ་སྐྱབས་རྗེ་གུ་ཎ་པཎ་ཆེན་རིན་པོ་ཆེ་དང་གུ་ཎ་ཁྲི་ཆེན་རིན་པོ་ཆེ་ལ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་དུ་བྱོན།
 
རྒྱལ་བ་རྒྱས་པའི་ཆོས་སྤྲིན།
 
ཕྱི་ལོ་༢༠༡༣་ལོ་ཟླ་བ་༨་པ་ནང་ཐེ་ཝན་སྨར་ཚང་བཀའ་བརྒྱུད་ཀྱིས་འཇིག་བྱེད་ཀྱི་སྦྱོང་བ་ཚོགས་པའི་བརྙན་པར།
  
 
སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་དབྱིན་ལེན་གྱི་རྒྱལ་ས་ལོ་སྒྲོན་ལ་ཕྱི་ལོ་༢༠༡༣་ཟླ་བ་༥་ཚེས་༢༦་ལ་འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚུལ་ཀུན་གྱི་སྙིང་པོ་ཕྱག་ཆེན་མན་ངག་རྒྱ་མཚོའི་ནང་ཚན་གྱི་དྲན་པ་ཉེར་བཞག་བཞིའི་བསྐོར་གསུང་ཆོས་གནང་བཞིན་བའི་སྣང་བརྙན་ཡིན།
སྨར་ཚང་བཀའ་བརྒྱུད་ཆོས་ཚོགས་ཀྱིས་གོ་བསྒྲིགས་ལྟར་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ལོ་སྒྲོན་ཕྱི་ལོ་༢༠༡༣་ཟླ་༥་ཚེས་༢༦་ལ་གསུང་ཆོས་གསན་བཞིན་པའི་བརྙན་པར།
 
སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་ཉི་འོད་ཤར་རིའི་ཕྲག་གོང་ནས་འཛམ་གླིང་གོ་ལའི་སྟེང་དུ་སླར་ཡང་ལན་གཅིག་ཤར་བའི་རྟེན་འབྲེལ་གྱི་ཚོན་བརྟགས་ཤིག་ཏུ་གྱུར་ཡོད།
 
སྨར་ཁམས་ཡུལ་དུ་ཆེས་ཐོག་མ་དར་བའི་སྨར་ཚང་བཀའ་བརྒྱུད་ཀྱིས་པར་བསྐྲུན་བྱེད་པའི་ཕྱག་པེད་ཁག་གཅིག་བཞུགས་སོ། །
སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོ་བཞུགས་སོ། །
Martsang  Kagyu   The Gangri Karma Rinpoche
སྨར་ཚང་བཀའ་བརྒྱུད་ཀྱིས་གོ་བསྒྲིགས་ལྟར་སྦྱོང་བའི་སྐབས་ཀྱི་བརྙན་པར།
སྨར་ཁམས་པ་འགྲོ་མགོན་གངས་རིན་ཀརྨ་རིན་པོ་ཆེས་སྦྱོང་བའི་སྐབས་ཀྱི་བརྙན་པར།
 
 སྨར་ཚང་བཀའ་བརྒྱུད་ཀྱིས་གོ་བསྒྲིགས་ལྟར་ཕྱི་ལོ་༢༠༡༣་ལོ་ཟླ་བ་༣་ཚེས་༢༣་ལ་དབྱིན་ལེན་གྱི་རྒྱལ་ས་ལོན་འགྲོན་གྱི་ཉེ་འཁོར་དུ་སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཕྱག་བཞི་པའི་སྦྱོང་བ་སྐབས་ཀྱི་བརྙན་པར།
 
 
 
སྨར་ཁམས་པ་གངས་རི་ཀརྨ་རིན་པོ་ཆེ། 
སྨར་ཁམས་པ་དགེ་བཤེས་ངག་དབང་མཆོག་ལྡན།
ཁ་ན་ཀྲའི་སྲིད་འཛིན་དང་ས་གནས་བོད་རིགས་ལས་བྱེད་བསྐོར་གཅིག་མཇལ་འཕྲད་སྐབས་སུ་སྨར་ཁམས་པ་དགེ་བཤེས་ངག་མཆོག་ལྡན་ཡང་ཕེབས་པའི་བརྙན་པར།
 
                                             སྨར་ཚང་བཀའ་བརྒྱུད་ཆོས་ཚོགས་ཀྱི་མཆོད་པའི་བསྐོར།
སྤྱིར་བཀོན་མཆོག་གི་ཐུགས་རྒྱུད་ལ་སྒྲིབ་གཉིས་ཀྱི་དྲི་མ་ཡོངས་སུ་ཟད་ཟིན་པའི་མཆོད་པ་རྒྱས་བསྡུས་དང་མཛེས་སྡུག་གི་རྣམ་པ་ལ་རེ་དམིགས་མེད་ཀྱང་སེམས་ཅན་སོ་སོའི་སེམས་ཁམས་ལ་བཟང་ངན་དབྱེར་འབྱེད་དང་། རྒྱས་བསྡུས་ལ་ཆགས་ཞེན་དང་། མཛེས་སྡུག་ལ་དགའ་སྡུག་གི་ཞེན་ཆགས་གཏིང་ཟབ་མོ་དེ་ཡེ་མེད་དུ་མ་གྱུར་གྱི་བར་མཆོད་པ་རྒྱས་བསྡུས་ཅི་ཞིག་ཡིན་རུང་གཙང་ཞིང་ཡིད་དུ་འོང་བ་ཞིག་ངེས་པར་བཤམ་དགོས་པ་ཡིན། དྭངས་གཙང་མཛེས་སྡུག་ལྡན་པའི་མཆོད་པ་ཕུལ་བ་ལ་བརྟེན་ནས་མཇལ་བ་པོའི་ཡིད་སེམས་རབ་ཏུ་འཕྲོག་པའི་དགེ་འབྲས་བཟང་པོ་དེ་རང་ཉིད་ཀྱི་རྒྱུ་ནོར་ཡིན་ལ། རང་ཉིད་ཀྱི་རྒྱན་ཆ་ཡང་ཡིན། ད་ལྟ་ལོང་སྤྱོད་ཆོག་པའི་འཚོ་བ་དང་ཕྱི་མིའི་བགྲོད་ལམ་གསལ་བའི་སྒྲོན་མེ་ཡང་ཡིན།

སྨར་ཚང་བཀའ་བརྒྱུད་ཀྱིས་ཕྱི་ལོ་༢༠༡༣་སྤྲུལ་ལོ་གསར་པ་ལ་ཐེ་ཝན་དུ་ལོ་གསར་པར་སྤྱིར་འགྲོ་ཐམས་ཅད་ནད་མེད་ཚེ་རིང་ཡོང་བའི་ཆེད་དུ་རྗེ་བཙུན་སྒྲོལ་མའི་ཆོ་ག་གྲལ་བསྒྲིག་གནང་བཞིན་པའི་བརྙན་པར་ཡིན།
ཞི་གནས་ཀྱི་བསྐོར་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་དབྱིན་ལེན་གྱི་ཝེན་སི་ཐེ་རྦོང་ལ་སློབ་ཚན་ཁྲིད་པའི་སློབ་མ་རྣམས་ཀྱི་ལྷན་དུ་སྣང་བརྙན་ཡིན།
 
སྨར་ཚང་བཀའ་བརྒྱུད་ཀྱིས་གོ་བསྒྲིགས་ལྟར་སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཞི་གནས་སློབ་ཚན་ཁྲིད་སྐབས་ཀྱི་སྣང་བརྙན་ཡིན།
 
སྨར་ཁམས་པ་འགྲོ་མགོན་གངས་རིན་ཀརྨ་རིན་པོ་ཆེ་མཆོག་གིས་ཝེན་སི་ཐེ་རྦོང་ལ་སྔ་དྲོ་ལས་ལ་བརྟེན་ནས་བདེ་སྡུག་གི་རྣམ་བཞག་ཇི་ལྟར་བྱུང་ཚུལ་བསྐོར་སློབ་ཚན་དང་ཕྱི་དྲོ་ལ་ཞི་གནས་བསྒོམ་ཚུལ་བསྐོར་འགྲེལ་བཤད་གནང་བཞིན་པའི་སྐབས་ཀྱི་སྣང་བརྙན་ཡིན།
 
   སྨར་ཁམས་པ་གངས་རི་ཀརྨ་རིན་པོ་ཆེ་མགོག་གིས་དབྱེན་ལེན་གྱི་ཤར་ཕྱོགས་རྒྱ་མཚོའི་ཉེ་འགྲམ་ཨི་སྲི་ཐེ་རྦོང་ལ་ཞི་གནས་ཁྲིད་པའི་སྐབས་ཀྱི་སྣང་བརྙན་ཡིན།
སྨར་ཁམས་པ་གངས་རི་ཀརྨ་རིན་པོ་ཆེས་ཞི་གནས་སློབ་ཚན་ཁྲིད་པའི་སྐབས་ཀྱི་བརྙན་པར་ཡིན།


སྨར་ཁམས་པ་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་དབྱིན་ལེན་གྱི་རྒྱལ་ས་ལོན་སྒྲོན་ལ་པཎ་ཆེན་ནྭ་རོ་པ་དང་ལྷོ་བྲག་མར་པ། རྗེ་མི་ལ་རས་པ། རྗེ་སྒམ་པོ་པ། བདེ་གཤེགས་ཕག་གྲུ། ཆོས་རྗེ་སྨར་པ་རིན་པོ་ཆེ་སོགས་ནས་བརྒྱུད་པའི་འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་ཕྱག་སྲོལ་རྨི་ལམ་འོད་གསལ་གྱི་ཐབས་ལ་བརྟེན་ནས་དོན་གྱི་འོད་གསལ་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་ཀྱི་བཀའ་ཆོས་གནང་བཞིན་པའི་སྣང་བརྙན་ཡིན།
སྨར་ཁམས་པ་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་རྨི་ལམ་འོད་གསལ་གྱི་ཐབས་ལ་བརྟེན་ནས་སེམས་ངོ་སྤྲོད་པའི་སྐབས་ཀྱི་སྣང་བརྙན་ཡིན།
 
 

སྨར་ཚང་བཀའ་བརྒྱུད་ཀྱིས་ཕྱི་ལོ་༡༠༡༢་ལོ་ཟླ་བ་༩་ཚེས་༡་ལ་དབྱིན་ལེན་གྱི་རྒྱལ་ས་ལོན་སྒྲོན་དུ་སློབ་ཚན་གོ་བསྒྲིགས་བྱས་པའི་སྣང་བརྙན་ཡིན།
 
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་རྒྱལ་ས་ལོན་སྒྲོན་དུ་སེམས་ཞི་བ་དང་རང་འཚུབས་སུ་གནས་ཐབས་རླུང་སྦྱོར་དང་འབྲེལ་ཞི་གནས་སྒོམ་ཚུལ་གསུངས་བཞིན་པའི་སྣང་བརྙན་ཡིན།
 
སྨར་ཁམས་པ་མདོ་སྔགས་རམས་འབྱམས་སྨྲ་བ་རྒྱུད་སྟོད་མཁན་ཟུར་རིན་པོ་ཆེ་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ཐེ་ཝན་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་སུ་ཕེབས་ནས་དཔལ་རྡོ་རྗེ་འཇིག་བྱེད་ཀྱི་སྦྱོང་བ་གནང་བཞིན་པའི་བརྙན་པར་ཡིན།
 

སྨར་ཁམས་པ་རྒྱུད་སྟོད་མཁན་ཟུར་རིན་པོ་ཆེ་བློ་བཟང་རྡོ་རྗེ་མཆོག་གིས་འཇིག་བྱེད་སྦྱོང་བ་མཛད་བཞིན་པའི་བརྙན་པར། 
 

སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་དང་དགེ་བཤེས་ངག་དབང་མཆོག་ལྡན་གཉིས་ཀྱིས་ཐེ་ཀྲོང་ཆོས་ཚོགས་ནང་དུ་ཚོགས་པ་ཚོགས་པའི་སྐབས་ཀྱི་སྣང་བརྙན་ཡིན།
༧་སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་ཐེ་ཝན་གྱི་རྒྱལ་ས་ཐེ་པེར་ལ་ཕེབས་དུས་གངས་རི་ཀརྨ་རིན་པོ་ཆེ་མཆོག་དང་དགེ་བཤེས་ལྷ་རམས་པ་ངག་མཆོག་ལྡན་རྣམ་གཉིས་ཀྱིས་སློབ་མ་རྣམས་ལ་སྐྱབས་མགོན་༧གོང་མ་རིན་ཆེ་མཇལ་བཅར་སྐབས་སུ་ཁ་དར་ཕུལ་བ་དང་གུས་ཞབས་ཇི་ལྟར་དགོས་ཚུལ་འགྲེལ་བཤད་གནང་བཞིན་པའི་སྣང་བརྙན་ཡིན།
སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཐེ་ཝན་གྱི་མངའ་སྡེ་ཐེ་ཀྲོང་ལ་ཐོག་མ་གསར་བཙུགས་བྱས་པའི་ཆོས་ཚོགས་ནང་དུ་དགེ་བཤེས་ལྷ་རམས་པ་ངག་དབང་མཆོག་ལྡན་རྣམ་གཉིས་ཀྱིས་སྒོ་འབྱེད་གནང་བའི་སྐབས་ཀྱི་སྣང་བརྙན་ཡིན།

སྨར་ཁམས་པ་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༩༩༩་ལོར་སེང་གར་པུར་སློབ་མ་རྣམས་ལ་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་བསྐོར་སློབ་ཁྲིད་གནང་བཞིན་པའི་སྣང་བརྙན་ཡིན།
ཕྱི་ལོ་༢༠༠༡་ལོ་ཐེ་ཀྲོང་དུ་བཟོ་ཀྲ་ཆེན་པོ་ཞིག་གིས་སྨར་ཁམས་པ་གངས་རི་ཀརྨ་རིན་པོ་ཆེ་མཆོག་རམ་གནས་དང་འབྲེལ་བཀའ་ཆོས་ལ་གདན་འདྲེན་ཞུ་བའི་སྐབས་ཀྱི་སྣང་བརྙན་ཡིན།

ཕྱི་ལོ༢༠༠༠་ལོ་སློབ་མ་བློ་ཤེད་སེན་གྱིས་གངས་རི་ཀརྨ་རིན་པོ་ཆེ་མཆོག་ལ་ཆོས་དུང་དཀར་མོ་གཡས་སུ་འཁྱེལ་བ་ཞིག་ཕུལ་བའི་སྣང་བརྙན་ཡིན།
        ཕ་ཡུལ་མ་ལ་ཤེ་ནས་ཡིན་པ་དབྱིན་ལེན་གནས་སྡོད་བྱས་པའི་གངས་རི་ཀརྨ་རིན་པོ་ཆེའི་སློབ་མ་འགའ་ཤིག་གི་ལྷན་དུ་བརྙན་པར།

ལོ་ངོ་བརྒྱད་བརྒྱ་ལྔ་བཅུའི་ནང་དུ་མེས་པོ་གོང་མ་ཚོས་ཕྱག་གིས་བྲིས་མ་མཛེས་ཉམས་ལྡན་པའི་ཕྱག་དཔེ་པོ་སྟི་འདི་ནི་བོད་རབ་བྱུང་གཉིས་པ་ནང་སྐུ་ཁྲུངས་པའི་ཆོས་ཀྱི་རྒྱལ་པོ་སྨར་་པ་རིན་པོ་ཆེའི་ཉམས་མགུར་སྡེ་ཚན་ཞིག་ཡིན།
དཔེ་གཟུགས་བྲིས་མ་འདི་ནི་འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་ཉིན་བྱེད་སྤང་མཁན་ཆེན་དྲི་མེད་འོད་ཟེར་བླ་མའི་རྣམ་ཐར་རྒྱས་པ་ཞིག་ཡིན། སྐྱེས་མཆོག་འདི་བསམ་བཞིན་སྲིད་པ་བཟུང་ནས་མཆོག་གི་སྤྲུལ་སྐུ་བྱམས་མགོན་ཏའི་སི་ཏུ་དང་ཀཿ་ཐོག་སི་ཏུའི་སྐུ་ཕྲེང་བར་མ་ཆད་པར་བྱོན་ནས་མཉམ་མེད་བཀའ་བརྒྱུད་པའི་བསྟན་པ་ལ་རྨད་དུ་བྱུང་བའི་ཕྱག་རྗེས་འཇོག་མུ་ཡིན།  

འཇའ་ལུས་པ་འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོ་བྲག་རི་དང་ལྗོན་ཤིང་གི་དྲུང་དུ་སྒོམ་སྒྲུབ་ཉམས་ལེན་མཛད་པའི་ཕྱག་དཔེ་འདི་ད་ལྟ་སྨར་ཚང་བཀའ་བརྒྱུད་ཆོས་ཚོགས་ནང་དུ་བཞུགས་ཡོད།
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚུལ་ཀུན་གྱི་ཡང་སྙིང་སྙན་བརྒྱུད་ཕྱག་ཆེན་གྱི་གདམས་ངག་དང་རྫོགས་ཆེན་གྱི་ལྟ་བ་ཟུང་འབྲེལ་སྒོམ་སྒྲུབ་མཐར་ཕྱིན་ནས་འཇའ་ལུས་དབྱིངས་ཀྱི་གུར་ཁང་དུ་གཤེགས་པའི་འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་རྒྱུན་དུ་ཕྱག་བཞེས་སུ་མཛད་པའི་རྒྱ་དྲིལ་ལི་མ་འདི་ད་ལྟ་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་འཕྲིན་ལས་མཁའ་ཁྱབ་གླིང་དུ་བཞུགས་ཡོད།

                                               སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན།

སྨར་ཁམས་ཀྱི་དགེ་བཤེས་ལྷ་རམས་པ་ངག་དབང་མཆོག་ལྡན་གྱི་སྣང་བརྙན་ཡིན།



                                               སྨར་ཁམས་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན།
འགྲོ་མགོན་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན།
སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན།
སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན།
སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་འཕྲིན་ལས་མཁའ་ཁྱབ་གླིང་།

སྟོན་པའི་སྐུ་འདི་གངས་རི་ཀརྨ་མཆོག་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་མཇལ་བཅར་སྐབས་སུ་ཐེ་ཝན་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་གསར་པ་ལ་རྟེན་འབྲེལ་ལེགས་མཚོན་ཆེད་དུ་བསྩལ་བའི་ནང་རྟེན་བྱིན་ཆེན་ཞིག་རེད། 


གནས་མཆོག་ཡང་རི་བྲག་དཀར་ལ་འགྲོ་མགོན་གངས་རིན་ཀརྨ་ལེགས་བཤད་རྒྱ་མཚོ་མཆོག་གིས་་གཏུམ་མོ་ཉགས་བཞེས་མཛད་པའི་སྒྲུབ་ཕུག་དང་ཡིག་རྙིང་མང་པོ་འཐོར་ཞིག་སོང་བའི་བརྙན་པར་ཡིན།  འབྲོང་སྟག་ཚང་བསྟན་འཛིན་ཕུན་ཚོགས་ཀྱིས་པར་བླངས།

                                                       སྨར་ཁམས་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ།
སྨར་ཁམས་ཀྱི་ཤར་ཕྱོགས་ཡངས་རི་དབེན་ཁྲོད་ཀྱི་ཡུལ་ལྗོངས།
རྗེ་བཙུན་སྒྲོལ་མ་དཀར་མོའི་གནས་མཆོག་ཡངས་རི་བྲག་དཀར་གྱི་མདུན་ནས་བལྟས་དུས་མདུན་ཕྱོགས་སུ་སྨར་སྟོད་ཁྱུ་འབུམ་གྱི་ཡུལ་ལྗོངས་ཡིན།
གནས་འདིར་ཡངས་རི་དགོན་པའི་གྱང་རོ་འདི་ལྟ་བུ་དགོན་ཤུལ་མང་དུ་མཆིས་ཀྱང་པར་ཡག་པོ་བླངས་ཐུབ་མི་འདུག་པས་རྗེས་སུ་བཤམ་རྒྱུ་ཡིན།
རྗེ་བཙུན་སྒྲོལ་མ་དཀར་མོའི་གནས་མཆོག་ཡངས་རི་བྲག་དཀར་འདིར་རབ་བྱུང་བཞི་པ་ནང་དུ་འགྲོ་མགོན་རིན་ཆེན་མཆོག་གིས་ཡངས་རི་དགོན་པ་ཕྱག་བཏབ་ནས་སྒྲུབ་པའི་རྒྱལ་མཚན་བསྒྲེངས་མཁན་གྲུབ་དབང་སྐར་ཚོགས་ལྟར་བྱོན་ཡོད།  གནས་རི་འདི་རིན་ཆེན་ཆུ་མགོ་ཞེས་པའི་ཆུ་མིག་ཆུང་ངུ་ཞིག་ཀྱང་ཡོད་པས་འགྲོ་མགོན་རིན་ཆེན་གྱིས་བཏོད་པ་ཨེ་ཡིན་སྙམ།
ཡངས་རི་དབྱེན་ཁྲོད་དུ་འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་མཆོག་གིས་ལོ་གསུམ་གྱི་རིང་གཏུམ་མོ་སྒོམ་སྒྲུབ་མཛད་པའི་ཕུག་པ་འདི་ད་ལྟ་ཞིག་རལ་དུ་གྱུར་བའི་བཀོད་པ་ཡིན།
མཛེས་སྡུག་གི་འོད་སྟོང་འཕྲོ་བའི་གནས་མཆོག་སྲིན་ཆེན་བྲག་རིའི་སྐེད་དུ་དཀར་ཚེར་རེ་མཇལ་བའི་མཆོད་རྟེན་འདི་འདྲ་རིག་གནས་གསར་བརྗེད་ཀྱི་དུས་སུ་ཡང་འགའ་ཞིག་མཇལ་རྒྱུ་ཡོད་ཀྱང་ཕྱིས་སུ་ཞིག་རལ་དུ་གྱུར་ནས་མི་སྣང་།
མཛེས་སྡུག་ལྡན་པའི་སྲིན་ཆེན་བྲག་གི་བཀོད་པ།
གསེར་དངུལ་གྱི་འོད་མདངས་ལྡན་པའི་གནས་མཆོག་སྲིན་ཆེན་བྲག་རི་འདིར་གྲུབ་ཆེན་རྣམས་ཀྱི་སྒྲུབ་ཕུག་མང་པོའི་ཁྲོད་དུ་འཇའ་ལུས་པ་འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོག་མཆོག་གིས་བཅུད་ལེན་རོལ་ནས་སྒོམ་སྒྲུབ་མཛད་པའི་སྒྲུབ་ཕུག་ཀྱང་མཇལ་རྒྱུ་ཡོད། གནས་རི་འདིར་རྡོ་བཅུད་ལེན་གྱི་ཟས་ཤ་ཆེན་གྱི་རྡོ་ཡང་ཡོད་པ་ཡིན། གུང་ཁྲན་གྱིས་དཔྱད་ཞིབ་བྱས་དུས་གནས་འདིར་གསེར་དངུལ་དང་ཟངས་ལྕགས་སོགས་གཏེར་ཁར་དུ་མ་མཐོང་ཡོད། 
གཡུ་ཞུན་ལན་བརྒྱ་བྱུག་འདྲའི་མཐོ་སྒང་གི་བྲག་རིའི་སྐེད་པ་ལ་མི་འགྲོ་སའི་ལམ་ཙམ་མེད་པར་ཤིང་སྒོར་གྱི་སྒྲུབ་ཕུག་ངོ་མཚར་ཅན་འདི་སྨར་ཚང་བཀའ་བརྒྱུད་ཀྱི་གྲུབ་ཆེན་རྣམས་ཀྱིས་མཁའ་དབྱིངས་སུ་ལྡིང་བསྐོར་ངོམས་ས་ཡིན་པར་ཤེས་ཀྱང་དུས་རབས་ངེས་གཏན་ཤེས་ཐུབ་ཀྱི་མེད། ཤིང་སྒོ་དེ་ལོ་དུས་ལ་རྟགས་དཔྱད་གཏོང་ཐུབ་པའི་རྨི་ལམ་རྨིས་ཀྱི་ཡོད།
སྨར་ཁམས་ཀྱི་ཡུལ་ལྗོངས།
བོད་རབ་བྱུང་གཉིས་པ་ཡན་མན་དུ་ཆོས་རྗེ་སྨར་པ་རིན་པོ་ཆེ་སོགས་སྨར་ཚང་གི་བླ་ཆེན་རྣམས་ཀྱི་རྣམ་ཐར་ཁག་ལ་སྨར་ཁམས་སྒང་གི་སྤྱིར་རྫོང་རུ་ཤོད་ལ་ཆགས་ཚུལ་ཁ་གསལ་པོ་ཐོན་གྱི་ཡོད།  འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་གིས་གངས་ལྗོངས་ཆོས་སྲིད་ལུགས་གཉིས་འཛིན་པའི་དུས་སུ་སྨར་ཁམས་ཀྱི་སྤྱིར་རྫོང་རྒྱལ་བཀག་ལ་ཆགས་པའི་དཔང་རྟགས་རྫོང་དམར་མའི་མཁར་ད་ལྟ་ལའང་ཡོད།  ཕྱིས་སུ་རྒྱལ་དབང་ལྔ་པ་ཆེན་པོས་ཆོས་སྲིད་ལུགས་གཉིས་འཛིན་དུས་སྨར་ཁམས་ཀྱི་རྫོང་སྒར་ཐོག་ལ་ཆགས་པ་ཞིག་ཡིན།  སྒར་ཐོག་ཅེས་པའི་ཐ་རྙད་དེ་འགྲོ་མགོན་འཕགས་པའི་སྐུ་འཁོར་རྣམས་རྫོང་དམར་མ་ནས་ཙོམ་མདོ་གནས་གསར་དགོན་དུ་ཕེབས་ཞོར་སྒར་བབས་ནས་གསོལ་ཇ་བཞེས་པའི་སྒར་ལ་སྒར་ཐོག་ཅེས་པའི་ཐ་རྙད་ཐོགས་ཚུལ་ཡིག་རྙིང་དག་ལ་མང་དུ་ཐོན་གྱི་ཡོད།  སྨར་ཚང་བཀའ་བརྒྱུད་ཀྱི་གདན་རབས་ཀུན་བཏུས་སོགས་ལས་སྒར་ཐོག་གི་ཐ་རྙད་ཐོན་ཚུལ་ལ་གཞིགས་ན་སྒར་ཐོག་ཟེར་བའི་མིང་ཚིག་དེ་ཆེས་སྔ་མོ་ནས་ཡོད་པར་ཤེས་ཐུབ་པ་ཞིག་ཡིན།  
ཡེ་ཤེས་ཀྱིས་པར་བླངས།
ཤར་སྨར་ཁམས་སྒང་གི་ད་ལྟའི་སྤྱི་རྫོང་སྒར་ཐོག་གི་བཀོད་པའི་འདྲ་བརྙན།  ཡེ་ཤེས་ཀྱིས་པར་བླངས།
སྨར་ཁམས་པ་མདོ་སྔགས་རམ་འབྱམས་སྨྲ་བ་དགེ་བཤེས་ངག་དབང་མཆོག་ལྡན་ཐེ་ཝན་གྱི་མཚེའུ་ནང་དུ་གྲུ་ལ་བཞུགས་པའི་བརྙན་པར།
ཐེ་ཝན་སྨར་ཚང་བཀའ་བརྒྱུད་ཀྱིས་རིམ་གྲོ་བྱས་པའི་བརྙན་པར་ཡིན།
གངས་རི་ཀརྨ་མཆོག་གིས་ཕྱི་ལོ་༢༠༠༨་ལོ་གསར་དུ་ཕྱེ་བའི་ཆོས་ཚོགས་འདི་ནི་སྨར་ཚང་བཀའ་བརྒྱུད་ཀྱི་མཚན་ཐོག་ནས་ཕྱེ་བའི་ཆོས་ཚོགས་དང་པོ་དེ་ཡིན་ཞིང་།  ཆོས་ཚོགས་འདིའི་ནང་རྟེན་གསེར་ལས་བསྐྲུན་པའི་སྟོན་པ།  སྒྲོལ་མ།  སྤྱན་རས་གཟིགས། ཆོས་རྗེ་སྨར་པ། འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོའི་རིང་བསྲེལ།  སྲུང་མ་རྡོར་ལེགས་བཅས་བཞུགས་ཡོད།  ཆོས་ཚོགས་འདི་ནང་གངས་རི་ཀརྨ་དང་དགེ་བཤེས་ལགས་ཀྱི་གཟིམ་ཤག གྲྭ་ཤག སྐུ་མགྲོན་འབྲེལ་གཏུག་ཞུ་ས། ལས་ཁུངས་སོགས་ཆ་རྐྱེན་སྣ་འཛོམ་ལྡན་པའི་ཆོས་ཚོགས་ཤིག་ཡིན།

སྨར་ཁམས་ཀྱི་ཡུལ་དུ་འདེག་དཔོན་དབེན་ཁྲོད་ཀྱི་བཀོད་པ།
གྲོང་དང་གྲོང་ཁྱེར་དབྱེན་པའི་ཆོས་སྒར་འདི་ནི་འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་མཆོག་གིས་ཕྱག་བཏབ་ནས་སློབ་རྒྱུད་རྣམས་ཀྱིས་ཚེ་
གཅིག་སྒོམ་སྒྲུབ་མཛད་པའི་འདེག་དཔོན་རི་ཁྲོད་ཀྱི་བཀོད་པ་ཡིན།  འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོའི་ཐུགས་སྲས་གང་ཚོང་བླ་མ་ཆོས་གྲགས་རྒྱ་མཚོ་མཆོག་གིས་ཀྱང་བླ་མས་བཀའ་ལྟར་རི་ཁྲོད་འདིར་སྐུ་ཚེ་ཧྲིལ་པོར་སྒོམ་སྒྲུབ་མཛད་པས་གཏུམ་མོའི་བདེ་དྲོད་རྒྱས་པ་སོགས་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ནས་བདེ་བར་གཤེགས་པའི་རྗེས་སུ་ཁོང་གི་སློབ་རྒྱུན་རྣམས་ཀྱིས་ད་ལྟ་སྒོམ་སྒྲུབ་ཉམས་ལེན་བྱེད་མུ་ཡིན།

སྔོ་སེར་དཀར་དམར་གྱི་ཇོ་དར་གཡོ་བའི་རྫ་རིའི་སུལ་དུ་ཆགས་པའི་དབེན་ཁྲོད་འདི་ནི་སྨར་སྟོད་རྒྱས་ཚོགས་འབྲོག་པའི་ཁྱབ་ཁོངས་སུ་ཡོད།
དམར་སེར་གྱི་འོད་འདམས་ཆགས་པའི་བྲག་རིའི་ཕུག་ཏུ་འགྲོ་མགོན་གངས་རི་ཀརྨ་མཆོག་གིས་ལོ་ཤས་རིང་དཔལ་འཁོར་ལོ་བདེ་མཆོག་ལྷན་སྐྱེས་ཡབ་ཡུབ་དང་འཇའ་ལུས་ཆོས་སྐུའི་འཕོ་བ་སྒོམ་སྒྲུབ་མཛད་པས་བདེ་མཆོག་གི་ཞལ་མངོན་སུམ་གཟིགས་པའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན། 
 དཔལ་འཁོར་ལོ་བདེ་མཆོག་གི་གནས་མཆོག་འདེག་དཔོན་རི་ཁྲོད་ཀྱི་མདུན་ནས་བལྟས་དུས་མདུན་ཕྱོགས་སུ་མཛེས་ཉམས་ལྡན་པའི་ཡུལ་ལྗོངས་ཀྱི་བཀོད་པ་ཡིན།
རྫ་རིའི་ཐོག་ཏུ་རི་འབུར་ཞིག་གི་སྟེང་ན་རྡོ་ཁྲི་འདྲ་བ་དེའི་མདུན་དུ་འགྲོ་མགོན་གངས་རི་ཀརྨ་མཆོག་གིས་སློབ་མ་རྣམས་ལ་འཇའ་ལུས་འཕོ་བ་ཉམས་ཁྲིད་ཀྱི་སྐབས་སུ་འདྲི་སྲིན་ཀྱིས་ཆོ་འཕྲུལ་བསྟན་ནས་འགྲོ་མགོན་མཆོག་གི་སྐུ་ལ་གནམ་ཐོག་འཕངས་ཀྱང་ཐུགས་གཡོ་བ་མེད་པར་སྐུ་ཉིད་རྗེ་རས་ཆུང་པའི་སྐྱེས་སྤྲུལ་དངོས་ཡིན་པ་དང་འཇའ་ལུས་པ་ཞིག་ཡིན་ཚུལ་མགུར་གླུ་བླངས་ས་དེར་སློབ་མ་ཚོས་དྲན་རྟེན་ཆེད་དུ་རྡོའི་ཁྲི་བཟོས་པའི་དཀོད་པ་ཡིན།
འཛམ་གླིང་ཞི་བདེ་དེད་དཔོན་༧རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་དང་སྨར་ཁམས་གངས་རི་ཀརྨ་ལྷན་དུ་སྒྲོན་པའི་བརྙན་པར་རེད།
 འཇམ་དཔལ་དབྱངས་མི་ཡི་རྣམ་རོལ་སྐྱབས་མགོན་༧གོང་མ་རྡོ་རྗེ་འཆང་དང་སྨར་ཁམས་གངས་རི་ཀརྨ་ལྷན་བཞུགས་ཀྱི་བརྙན་པར།
      ༧རྒྱལ་མཆོག་བཅུ་བཞི་པ་མཆོག་དང་སྨར་ཁམས་པ་དགེ་བཤེས་ངག་དབང་མཆོག་ལྡན་གྱི་སློབ་མ་རྒྱ་རིགས་རྣམས་ལྷན་དུ་བརྙན་པར།
                               
   ༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དངསྨར་ཁམས་པ་དགེ་བཤེས་ངག་དབང་མཆོག་ལྡན་རྣམ་གཉིས་ལྷན་བཞེངས་ཀྱི་བརྙན་པར།
    ༧རྒྱལ་དབང་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗོ་མཆོག་དང་འགྲོ་མགོན་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་ལྷན་བཞེངས་ཀྱི་བརྙན་པར།
སྨར་ཁམས་པ་དགེ་བཤེས་ངག་དབང་མཆོག་ལྡན་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་རིགས་སློབ་མ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་གནང་བཞིན་པའི་བརྙན་པར།
མཁས་མང་བྱེ་བའི་འབྱུང་གནས་དཔལ་ལྡན་འབྲས་དཀར་སྤུངས་པའི་འདུག་ཁང་དུ་མཁན་བླ་དགེ་འདུན་བཞི་སྟོང་རྒལ་བའི་ཁྲོད་དུ་དགེ་བཤེས་ངག་མཆོག་ལྡན་གྱིས་རིག་པའི་གར་སྟབས་་ཀྱི་ལམ་ནས་རྟགས་གསལ་གཏོང་བཞིན་པའི་བརྙན་པར།
 
ཕྱི་ལོ་༢༠༠༥་ལོ་གསར་དུ་ཕྱེ་བའི་ཐེ་ཀྲུང་ཆོས་ཚོགས་སུ་རྒྱུད་སྟོད་མཁན་ཟུར་བློ་བཟང་རྡོ་རྗེ་རིན་པོ་ཆེ་མཆོག་དང་བྱམས་པ་རིན་པོ་ཆེ་རྣམ་གཉིས་ཇ་མགྲོན་དུ་ཕེབས་པའི་སྐབས་སུ་གངས་རི་ཀརྨ་དང་དགེ་བཤེས་ལྷ་རམ་པ་ངག་དབང་མཆོག་ལྡན་བཅས་ཆོས་ཚོགས་ཀྱི་ལས་བྱེད་ལྷན་དུ་བརྙན་པར།
མཁས་མང་བློ་གསལ་གླིང་གི་དགེ་བཤེས་ལྷ་རམས་པ་ངག་དབང་མཆོག་ལྡན་ལགས་ཀྱིས་རྒྱ་རིགས་རྣམས་ལ་ལམ་རིམ་གསུངས་བཞིན་པའི་བརྙན་པར།

གངས་རི་ཀརྨ་མཆོག་གིས་ཕྱི་ལོ་༢༠༠༥་ལ་ཐེ་ཀྲོང་དུ་ཆོས་ཚོགས་གསར་བསྐྲུན་གྱི་མི་སྣ་འགའ་ཞིག་ལ་ཞེན་པ་བཞི་བྲལ་གསུངས་བཞིན་པའི་བརྙན་པར།

སྨར་ཁམས་གངས་རི་ཀརྨ་མཆོག་གིས་ཕྱི་ལོ་༢༠༠༤་ལོ་ཐེ་ཀྲུང་ལ་གསར་དུ་ཕྱེ་བའི་ཆོས་ཚོགས་ཀྱི་བརྙན་པ།
གངས་རི་ཆོས་ཚོགས་ཞེས་པ་འདི་ས་གནས་གཞུང་འབྲེལ་གྱི་དེབ་སྐྱེལ་བྱས་དུས་ལས་བྱེད་རྣམས་ལྷན་དུ་ཚོགས་འདུ་སྐབས་ཀྱི་བརྙན་་པར།
སྨར་ཁམས་པ་གངས་གངས་རི་ཀརྨ་མཆོག་གིས་ཕྱི་ལོ་༢༠༠༣་ལ་ཐེ་ཀྲོང་ལ་གསར་དུ་ཕྱེ་བའི་ཆོས་ཚོགས་མཛད་སྒོ་སྐབས་ཀྱི་བརྙན་པར།
སྨར་ཁམས་པ་དགེ་བཤེས་ངག་དབང་མཆོག་ལྡན་གྱིས་ལམ་རིམ་ཆེན་མོའི་ལྷག་མཐོང་བསྐོར་བཀའ་ཁྲིད་གནང་བའི་བརྙན་པར།
སྨར་ཁམས་གངས་རི་ཀརྨ་མཆོག་གིས་ཕྱི་ལོ་༢༠༠༡་ལོ་ཐེ་པེ་ལ་ཐོག་མ་ཕྱེ་བའི་ཆོས་ཚོགས་སུ་རྒྱས་སྲས་ལག་ལེན་གསུངས་བཞིན་པའི་བརྙན་པར།
གངས་རི་ཀརྨ་མཆོག་དང་སློབ་མ་རྣམས་ལྷན་དུ་ཉ་ལ་སོགས་པ་ཆུའི་འབུ་སྲིན་མང་པོ་སྲོག་སྦྱིན་སྐབས་ཀྱི་བསྔོ་སྨོན་དང་བཀྲི་ཤིས་བརྗོད་པའི་བརྙན་པར།
སྨར་ཁམས་གངས་རི་ཀརྨ་དང་སློབ་མའི་ལྷན་དུ་སྲོག་སྦྱིན་དགེ་འབྲས་ཀྱིས་སེམས་ཅན་ཐམས་ཅད་ནད་མེད་ཚེ་རིང་ཡོང་བའི་བསྔོ་སྨོན་བྱས་པའི་བརྙན་པར།
དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་དུ་སྨྲ་བའི་ཁྱུ་མཆོག་དུ་མའི་དབུས་སུ་སྨར་ཁམས་དགེ་བཤེས་མཆོག་ལྡན་གྱིས་དབུ་མ་ཚོགས་ལངས་ཀྱི་མཆོད་བརྗོད་གསུངས་པའི་བརྙན་པར།
                       མདོ་སྔགས་རམས་བྱམས་སྨྲ་བ་དགེ་བཤེས་ངག་དབང་མཆོག་ལྡན་ཐེ་ཝན་ལ་ཐོག་མ་ཕེབས་པའི་སྐབས་ཀྱི་བརྙན་པར།

གངས་རི་ཀརྨ་རིན་པོ་ཆེས་ཐེ་ཝན་གྱི་མཐོ་སློབ་བཤད་གྲྭ་ཆེན་པོ་ཞིག་གི་ནང་དུ་ནང་ཆོས་ཀྱི་ལྟ་གྲུབ་བསྐོར་བཀའ་སློབ་གནང་བཞིན་པའི་འདྲ་པར།
གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་འདྲི་བ་ལན་མཁན་རྣམས་ལ་ཡིད་དབང་འཕྲོག་དགོས་པའི་ལན་འདེབས་གནང་བཞིན་པའི་འདྲ་པར།
གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་མ་ལ་ཤིས་ཡ་སློབ་མ་རྣམས་ལ་སྐྱབས་འགྲོ་དང་སེམས་བསྐྱེད་བསྐོར་བཀའ་སློབ་གནང་བཞིན་པའི་འདྲ་པར།
སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན།
གངས་རི་ཀརྨ་མཆོག་གིས་་བྱེའུ་ཁྲི་གཅིག་ལྷག་ཚེ་ཐར་མ་གཏོང་སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་དང་བསྔོ་སྨོན་གསུང་བཞིན་པའི་འདྲ་པར།
དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཆོས་ཚོགས་ཀྱིས་གངས་རི་ཀརྨ་རིན་པོ་ཆེ་མཆོག་ལ་མནྜིལ་བརྟན་བཞུགས་ཕུལ་བཞིན་པའི་འདྲ་པར།
སྨར་ཁམས་པ་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་མ་ལ་ཤིས་ཡ་སློབ་མ་རྣམས་ལ་སྤྱན་རས་གཟིགས་ཀྱི་དབང་གནང་བཞིན་པའི་འདྲ་པར།
སློབ་མ་ཚོའི་སེམས་རྩེ་གཅིག་པའི་རང་གི་བླ་མའི་གསུང་ལ་གཅེས་འཛིན་ཆེན་པོས་ཉན་བཞིན་པའི་འདྲ་པར།
དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འདུག་ཁང་ནང་དུ་འདུན་མང་དབུས་སུ་དགེ་བཤེས་ངག་དབང་མཆོག་ལྡན་མཆོག་དགེ་བཤེས་སྔགས་རམ་པའི་དམ་བཅའ་འཇོག་དུས་ཀྱི་བརྙན་པར།་
སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན།
བསྐལ་བཟང་བདེ་སྐྱིད་ལགས་ཀྱིས་རྡ་སར་བོད་ཀྱི་རི་མོ་འགྲན་བསྟོད་བཤམ་དུས་མགྲོན་འབོད་ལྟར་མི་རྗེ་ས་ཡི་དབང་ཕྱུག་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་སྨར་ཁམས་པ་གངས་རི་ཀརྨ་རིན་པོ་ཆེའི་ལྷན་དུ་བརྙན་པར།
སྨར་ཁམས་པ་གངས་རི་ཀརྨ་རིན་པོ་ཆེ་མཆོག་ཕྱི་ལོ་༡༩༩༣་ལོ་སླར་སྨར་ཁམས་སུ་ཕེབས་ནས་ཕྱི་ལོ་༡༩༩༤་ལོར་ཞིང་པ་ཚང་ལ་ས་རིན་སྒོར་༡༥༠༠་དང་བློ་གཡང་ཚང་ལ་ས་རིན་སྒོར་༧༠༠་ཞིག་ཁོང་གི་ལས་རོགས་རིན་ཆེན་དཔལ་ལྡན་བརྒྱུད་ནས་སྤྲོད་ཡོད་པ་རེད། རེ་ཇོ་ཚང་གིས་ས་ཉུང་ཙམ་ཞིག་ཕུལ་བ་སོགས་ཁྱོན་བསྡོམས་པ་ཕེན་ཕམ་༦༠༠༠་ལྷག་ཡོད་པའི་ས་ཆ་འདིའི་སྟེང་དུ་རིས་མེད་ཀྱི་བཤད་གྲྭ་དང་ཉམས་ཆུང་མི་མང་ཆེད་དུ་སློབ་གྲྭ་ཞིག་འཛུགས་བསྐྲུན་བྱས་ཡོད། ཕྱིས་སུ་གུང་ཁྲན་གྱིས་རིན་པོ་ཆེ་ལ་ཉེས་མེད་སྐྱོན་འཛུགས་བྱས་ནས་ས་དེ་གཞུང་བཞེས་བཏང་སྟེ་སྣུམ་ཚོང་ཁང་ཞིག་ལ་སྒོར་༤༠༠༠༠་བྱས་ནས་ཚོང་ཡོད་པ་རེད།  ད་ལྟ་མི་ཚང་གཉིས་ཀྱིས་བཤད་ཚུལ་ལྟར་བྱས་ན་སྐབས་དེར་དཔལ་ལྡན་གྱིས་ཞིང་པ་ཚང་ལ་སྒོར་༩༤༠་དང་བློ་གཡང་ཚང་ལ་སྒོར་༢༠༠་སྤྲོད་དེ་རྒྱལ་ཁབ་ཀྱིས་ས་རིན་འདི་ལས་ལྷག་པ་སྤྲོད་རྒྱུའི་ཆོག་མཆན་མི་འདུག་མོད།  འོན་ཏེ། ཀརྨ་སྤྲུལ་སྐུ་ཡིས་ཁྱེད་གཉིས་ལ་རྗེས་སུ་བསམ་བློ་གཏོང་ཆོག་གསུང་གིས་འདུག་ཅེས་སོགས་འགྲེལ་བརྗོད་བྱས་ཡོད་པ་རེད།  མནའ་མཐུན་གྱི་གྲོགས་པོ་ཞིག་གིས་ལས་དཀའ་དེ་ལྟ་བུ་བྱས་པ་ནི་་ཡིད་སྐྱོ་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།
སྨར་ཁམས་པ་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༩༩༤་ལོ་སྨར་ཁམས་སུ་རིག་གཞུང་ཉམས་གསོ་ཆེད་དུ་གསར་བསྐྲུན་བྱས་པའི་བཤད་གྲྭའི་འདྲ་པར།
སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་བཤད་གྲྭའི་གསར་པའི་ཡང་སྟེང་གི་གཟིམ་ཆུང་ནང་དུ་རྩོམ་བྲིས་གནང་བཞིན་པའི་འདྲ་པར

                  སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་མཆོག་གི་ཕྱི་ལོ་༡༩༩༤་ལོར་བསྐྲུན་པའི་སློབ་གྲྭའི་སློབ་ཕྲུག་ཁག་གཅིག་གི་ལྷན་དུ་བཞུགས་པའི་འདྲ་པར།
སྨར་ཁམས་པ་འགྲོ་མགོན་གངས་རི་ཀརྨ་མཆོག་གིས་བཤད་གྲྭའི་ནང་དུ་བཤད་ཁྲི་ཆེས་མཐའ་མའི་སྐབས་ཀྱི་འདྲ་པར།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་དང་སློབ་ཕྲུག་ཚོའི་ལྷན་དུ་སྨར་ཁམས་ཀྱི་གནས་ཆེན་བདེ་མཆོག་དྲིལ་བུ་པ་མཆོད་མཇལ་དུ་ཕེབས་པའི་འདྲ་པར།
འགྲོ་མགོན་གངས་རི་ཀརྨ་མཆོག་བྲོས་བྱོལ་ཕེབས་ཁར་བཤད་གྲྭའི་ནང་གི་རྒྱུ་དངོས་དང་རང་གི་བཞོན་པ་རྟ་དང་བཅས་པ་དགོན་པ་སོགས་ཁག་སོ་སོར་སྤྲོད་ཡོད་པ་རེད།
རིན་པོ་ཆེའི་གཡོན་དུ་སྲིང་མོ་འཛོམ་དབྱངས་ལྷ་མོ་དང་གཡས་སུ་བཀྲ་ཤིས་ལྷ་མོ་རེད། ཁོང་གཉིས་ཀྱིས་ཕྱག་རོགས་གནང་ནས་བྲོས་བྱོལ་ཡོང་བའི་
མཚན་མོར་རླང་འཁོར་ཆུ་ནང་དུ་ལྷུང་ནས་ཁོང་གཉིས་གཙོ་པའི་མི་ཉི་བདུན་གྱི་ཚེ་སྲོག་ཤོར་བའི་དྲན་རྟེན་ཞིག་ཀྱང་རེད།
ལོ་ངོ་བརྒྱད་བརྒྱའི་སྔོན་དུ་རྗེ་འགྲོ་མགོན་རིན་ཆེན་གྱིས་ཕྱག་བཏབ་པའི་ཡང་རི་དགོན་པ་འདི་ཕྱིས་སུ་རི་ཁྲོད་གྱུར་ཞིང་སྨར་ཚང་གི་གྲུབ་ཆེན་མང་པོས་གྲུབ་རྟགས་ཐོན་ནས་རྡོ་ལ་་ཕྱག་ཞབས་ཀྱི་རྗེས་བཞག་སའི་གནས་རི་བྱིན་ཆེན་འདིར། འགྲོ་མགོན་གངས་རི་ཀརྨ་མཆོག་གིས་ཀྱང་ལོ་གསུམ་རིང་གཏུམ་མོ་སྒོམ་པས་བདེ་དྲོད་འབར་བའི་གནས་བྱིན་ཆེན་ཞིག་རེད།
ཨུན་ཀོ་རི་ལ་རྡོ་ར་འདི་ནང་འགྲོ་མགོན་གངས་རི་ཀརྨ་མཆོག་གིས་བཅུད་ལེན་གྱི་ཟས་རོལ་ཞིང་གཏུམ་མོའི་གོས་གྱོན་ནས་འོད་གསལ་བསྒོམས་པས་ཉམས་ཀྱི་རྟོགས་པ་ཐམས་ཅད་མངོན་དུ་གྱུར་བའི་གནས་ཤིག་ཡིན།
འགྲོ་མགོན་གངས་རི་ཀརྨ་མཆོག་གིས་འགག་ཁྲི་དུར་ཁྲོད་འདིར་སྒྱུ་ལུས་ཀྱིས་སྤྲུལ་པ་གསུམ་བསྟན་ནས་གྲོགས་གཅོད་པ་འདུལ་བའི་་དུར་ཁྲོད་ཀྱི་འདྲ་པར།

གུ་རུ་རྡོ་རྗེ་བྲོ་ལོད་ཀྱི་གནས་ཁྱད་དུ་འཕགས་པ་འདིར་ཤར་ཕྱོགས་སུ་བྲག་ཕུག་གཡབ་དཀར་འདྲ་བ་འདིའི་ནང་དུ་གངས་རི་ཀརྨ་མཆོག་གིས་རྨི་ལམ་དང་ཞི་ཁྲོ་སྒོམ་སྒྲུབ་མཛད་ནས་འཇའ་ལུས་ཀྱི་རྟོགས་པ་མངོན་དུ་གྱུར་ཞིང་ཁྲོ་ཟངས་སྟོང་པ་ནང་དུ་མར་གྱི་བདུད་རྩིས་བཀང་ནས་བྲག་འདི་ཡར་སྟོད་ལ་བཞག་པའི་གནས་བྱིན་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
ཤར་རྡོ་རྗེ་སེམས་དཔའི་གནས་འདིར་འགྲོ་མགོན་གངས་རི་ཀརྨ་མཆོག་གིས་སྒྱུ་ལུས་དང་རྣལ་འབྱོར་མ་སྒོམ་པས་འབྲས་རྟགས་མངོན་སུམ་ཐོན་པའི་གནས་ཀྱི་འདྲ་པར།།
དབེན་ཁྲོད་འདིར་ཐུགས་སྲས་ཆོས་གྲགས་རྒྱ་མཚོས་མཛད་སྐྱོང་གནང་བའི་སློབ་མ་ཚོས་མི་ཚེ་སྒོམ་སྒྲུབ་གནང་ཞིག་ཡོད།
ཕུ་པ་དཔོན་ཚང་གི་ལྕམ་ཨ་ཤེས་ལགས་ཀྱིས་གདན་ཞུས་གསོལ་འདེབས་ལྟར་འགྲོ་མགོན་གངས་རི་ཀརྨ་མཆོག་དོན་ཤེལ་རྫ་རིར་ཕེབས་ནས་རྡོ་རའི་སྒྲུབ་ཁང་འདི་ནང་དུ་བར་དོ་དང་ཕྱག་ཆེན་སྒོམ་སྒྲུབ་གཙོ་བོ་མཛད་ཅིང་ཐུན་མཚམས་སུ་མཇལ་བཅར་བ་རྣམས་ལ་མངོན་མཁྱེན་ཐོག་མེད་གསུང་སའི་གནས་བྱིན་རླབས་ཅན་ཞིག་ཏུ་གྱུར་ཡོད།
སྤྱིར་དམ་པ་འདི་མཁས་སྙན་གྲགས་པ་ལ་རེ་དོག་ཡེ་ནས་མེད་ཀྱང་སློབ་མ་རྣམས་འཐུང་ཆུ་མེད་པའི་རྐྱེན་གྱིས་ཤུག་པའི་ཕུང་པོ་འདིའི་འོག་ལ་གསར་དུ་སྟོན་པའི་སྒྲུབ་ཆུ་འདི་འཐུང་མཁན་ཇི་སྲིད་ཡོང་ན་དེ་སྲིད་དུ་བརྡོལ་ཡོང་ཞིང་འཐུང་མཁན་མེད་ན་ཕྱི་ལོད་ཡ་མེད་མཁན་ཞིག་ཡོད། འོན་ཏེ། སྐབས་དེ་སྒྲུབ་ཆུ་སྟོན་པ་དེ་སྙན་གྲགས་སུ་འགྱུར་ཉེས་སྒོམ་ནས་གསང་བ་ཁོ་ན་མཛད་པ་རེད་ཅེས་ཐུགས་སྲས་ཆོས་གྲགས་རྒྱ་མཚོས་གསུང་སྲོལ་ཡོད་པ་ཞིག་ཏུ་གྱུར་ཡོད་འདུག
འགྲོ་མགོན་གངས་རི་ཀརྨ་མཆོག་ལེགས་བཤད་རྒྱ་མཚོ་མཆོག་གིས་རྫོགས་ཆེན་གྱི་ལྟ་བ་སྒོམ་སའི་སྟོང་ལུག་བྲག་ཕུག་གི་བཀོད་པ་ཞིག་རེད།
མཛེས་ཉམས་ཀྱི་འོད་སྟོང་འཕྲོས་པའི་གནས་རི་འདི་ཕྱི་ལོ་༡༩༥༩་ལོ་འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་མཆོག་སྐུ་ལ་སྙུང་གཞི་ཏི་ཙམ་མེད་ཀྱང་ཐུགས་སྲས་ཆོས་དབྱིངས་རྒྱ་མཚོ་འདས་གྲོངས་སུ་གྱུར་ཚུལ་ཐོས་པ་དང་། ཆོས་དབྱིངས་རྒྱ་མཚོ་དེ་རྗེས་མ་ཕན་ཐོག་ཆེན་པོ་ཡོང་བའི་རེ་བ་རྣམས་སྟོང་ཟད་དུ་གྱུར་སོང་། ད་ང་འགྲོ་བའི་དུས་ཡིན་པས་ཁྱོད་ཚོས་སེམས་མ་འཁྲེལ་ཞེས་གསུང་པའི་ཁྲོད་དུ་ཐུགས་སྲས་ཆོས་གྲགས་རྒྱ་མཚོ་ལ་ངའི་ཡང་སྲིད་ཁྱོད་ཀྱིས་བདག་བསྐྱོང་ཐུབ་ཨ་ཡོང་ཞེས་འདྲི་བ་མཛད་པ་ལ། ཆོས་གྲོགས་བཞུགས་སའི་ཕྱོགས་སུ་རླུང་འཚུགས་ཆེ་བས་གསལ་པོ་མ་གོ་བའི་རྐྱེན་གྱིས་སྐྱར་འདྲི་ཞུ་དུས་ད་ཁྱོད་ཀྱིས་གོ་བའི་དུས་མེད་གསུངས་ནས་ཞལ་ལྷོ་ཕྱོགས་སུ་བསྒྱུར་ཞིང་སྐུ་དཀྱིལ་ཀྲུང་དུ་བཞུགས་ནས་དགོང་པ་ཆོས་དབྱིངས་སུ་ཐིམ་པ་དང་གདུལ་བྱ་རྣམས་ལ་དད་རྟེན་རིང་བསྲེལ་སྣ་ཚོགས་འཇོག་སའི་གནས་མཆོག་ཁ་ཏ་རིའི་ཡུལ་ལྗོངས་ཀྱི་བཀོད་པ་ཞིག་རེད། 

འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་མཆོག་འཇའ་ལུས་ཆོས་སྐུ་དབྱིངས་སུ་གཤེགས་དུས་གདུང་ཞུན་གྱི་དུ་བ་རླུང་གིས་འཁྱེར་བའི་ཁ་ཕྱོགས་ཐམས་ཅད་ལ་དེང་སང་ཡང་རིང་བསྲེལ་མཁོ་སྒྲུབ་བྱ་རྒྱུ་ཡོད་ལ།  ཆེས་གལ་ཆེ་བ་ཞིག་ནི་འགྲོ་མགོན་མཆོག་གི་གདུང་རུས་ལ་འབུར་དུ་འཁྲུངས་པའི་རིང་བསྲེལ་འདི་ད་ལྟ་ཐེ་ཝན་སྨར་ཚང་ཆོས་ཚོགས་ཀྱི་ནང་རྟེན་དུ་བཞུགས་ཐུབ་པ་བྱུང་ཡོད།
པར་མཛོད་འདི་ནང་སྨར་ཚང་གི་ཆོས་ཚོགས་གསར་པ་སོགས་པར་རིགས་མང་པོ་ཞིག་མཁོ་སྒྲུབ་ཐུབ་མེད་ཀྱང་རིམ་བཞིན་འབད་བརྩོན་བྱ་རྒྱུ་ཡིན་པས་དེ་ལུགས་ཐུགས་འཇལ་འཚལ། 
 
 
  1.  

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།