རྣམ་ཐར།





ཆོས་རྗེ་སྨར་པའི་རྣམ་ཐར་གཅེས་བསྡུས་བཞུགས་སོ།
 
ཆོས་རྗེ་སྨར་པ་ཤེས་རབ་ཡེ་ཤེས་ནི་ཕྱི་ལོ་༡༡༣༥་ལོ་སྨར་ཁམས་རུ་ཤོད་ལ་ཡབ་ཀླུ་ཡི་གཙུག་དང་ཡུམ་བདེ་དགའ་མ་གཉིས་ལས་སྐུ་འཁྲུངས།  བླ་མ་དགའ་བློས་ཀུན་དགའ་དཔལ་ཞེས་མཚན་གསོལ།  དགུང་ལོ་བཅོ་ལྔ་ལ་བླ་མ་ཨ་སེང་དང་བླ་མ་དགའ་བློ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་ཉེར་གཅིག་ལ་སྒོམ་རྒྱ་བ་ཤེས་རབ་རྒྱལ་མཚན་དང་ཤེས་རབ་གྲགས་པ་སོགས་ལས་རབ་ཏུ་བྱུང་བས་མཚན་ཤེས་རབ་ཡེ་ཤེས་གསོལ།  ལོ་དེར་གསང་ཕུ་ནེའུ་ཐང་ལ་ཕེབས་ནས་དགེ་བཤེས་བྱ་འདུ་འཛིན་པ། 


ཕྱྭ་བ་ཆོས་སེང་།  གཙང་ནག་པ་སོགས་ལས་བསྙེན་པར་རྫོགས།  བྱ་འདུ་འཛིན་པ་བརྩོན་འགྲུས་འབར་ལས་འདུལ་བའི་ཆོས་བསྐོར། ཕྱྭ་བ་དང་གཙང་ནག་པ་ལས་དབུ་ཕར་ཚད་གསུམ་སོགས་ལ་ཐོས་བསམ་བྱས་པས་མཁས་པ་ཆེན་པོར་གྱུར།  དྭགས་པོ་སྒོམ་ཚུལ།  བྷེ་རོ།  ལྕང་ལུང་པ།  ཡ་གད་པ།  དོན་སྟེང་པ།  བྱ་འཆད་ཀ་བ།  རྒྱལ་བ་ཁོ་སྟོན།  བླ་མ་རྔོག་གཞུང་།  བླ་མ་ཞུང་པ་སོགས་ལས་མདོ་སྔགས་ཀྱི་ཆོས་བསྐོར་མང་པོ་གསན།  རྡོ་རྗེ་རྒྱལ་པོ་ལས་བཀའ་བརྒྱུད་ཀྱི་ཆོས་བསྐོར་དང་ལམ་འབྲས་སོགས་གསན་ནས་ལོ་གསུམ་སྒོམ་པས་འཁོར་འདས་ཀྱི་ཤན་ཕྲག་ཕྱེད་ཅིང་དབུ་མའི་ལྟ་བ་རྟོགས། གཏུམ་མོ་བདེ་དྲོད་རྒྱས་པ་སོགས་ཉམས་རྟོགས་སྐྱེས།  ལོ་ལྔའི་རྗེས་སླར་སྨར་ཁམས་སུ་ཕེབས་ཁར་ཕག་གྲུ་པས་དབུ་ཞྭ་སྒྲོན་ནས་བཀྲ་ཤིས་བསྔོ་སྨོན་མཛད། 
 ཕྱི་ལོ་༡༡༦༧་མེ་ཕག་ལོ་སྨར་ཁམས་རི་ཤོད་འདམ་སྟེང་ལ་བཀྲ་ཤིས་དགོན་པ་བཏབ།  དགེ་འདུན་གཉིས་སྟོང་ལྷག་ལ་བཤད་སྒྲུབ་ཀྱི་སྲོལ་བཏོད།  ཡི་དམ་ལྷས་ཞལ་གཟིགས་དང་ཆོས་སྐྱོང་བྲན་དུ་འཁོར་ཞིང་།  དགུ་ལོ་༦༩་སོན་པའི་ཕྱི་ལོ་༡༢༠༣་ སྟོན་ཟླ་འབྲིང་པོའི་ཚེས་བཅུ་ལ་སླར་སྐྱེས་སྤྲུལ་མེད་པའི་ལུང་བསྟན་ནས་བདེ་བར་གཤེགས།  དུས་དེར་ཐུགས་ཀ་ནས་འཇའ་འོད་ནང་དུ་སེམས་དཔའ་སྔོན་པོའི་ཆ་ལུགས་ཅན་ནམ་མཁར་བྱོན།  ཐུགས་སྲས་འགྲོ་མགོན་རིན་ཆེན། ཡེ་ཤེས་རྒྱལ་མཚན། གྲུབ་ཆེན་གཤའ་པ། ཆོས་ཀྱི་ཡེ་ཤེས། ཆམ་ཕུར་སྒོམ་ཆེན།  བྱང་ཆུབ་འབུམ།   བླ་མ་རྣམ་གྲོལ། བླ་མ་ལྷུམ་སྒོམ། ཆོས་རྡོར། གཞོན་ནུ་དབང་ཕྱུག  རྩང་པ་གཏེར་སྟོན། སྲོ་ཡོན་སྟོན། མེ་མཆོད།    རྣལ་འབྱོར་ཨ་འབུམ།  ཡོན་བཙུན་བྲག་ཏོག  དཔོན་ཚུལ་ཁྲིམས་སོགས་མང་དུ་བྱུང་། གསུང་གི་སྙིང་པོ་ཕྱག་ཆེན་མན་ངག་རྒྱ་མཚོ། རི་ཆོས་ཡོན་ཏན་ཀུན་འབྱུང་། ཉམས་མགུར་སུམ་ཅུ་སོ་ལྔ།  སྒོམ་ཆེན་ཁག་ལ་གདམས་སྤྲིངས་ཉེ་དྲུག དང་མཆེད་གྲོགས་ལ་སྤྲིངས་ཡིག་གསུམ།  ཕག་གྲུ་ལ་བསྟོད་པ་དགུ  སྐྱབས་འགྲོ  དགོན་པའི་ཁྱད་ཆོས། བྱ་རོག་བསྟོད་པ། བདེ་མཆོག་བསྟོད་པ། སྨོན་ལམ། བཀའ་བརྒྱུད་ལ་གསོལ་འདེབས་བཞི། བཀྲ་ཤིས་གསུམ་བཅས་ཁྱོན་༨༥་ད་ལྟ་བཞུགས་ཡོད།   རྗེ་འདི་ལ་རིན་ཆེན་བློ་གྲོས། ཤེས་རབ་སེངྒེ་ཟེར་བ་ནི་ཁུངས་མེད་ཡིག་ནོར་ཡིན།


 

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།