རྗེ་རས་ཆུང་པའི་ཕྱག་ཆེན་ཡན་ལག་བདུན་ལྡན།

ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ། སེམས་ཉིད་ཆོས་ཐམས་ཅད་ལ་ཡང་དག་པར་བཙལ་བས་མ་རྙེད་པ་ནི་སྟོང་པའི་གཤིས་པོ། །རིག་པ་རྩལ་མདངས་དེ་དབྱེར་མེད་པ་ནི་སེམས་ཉིད་ལྷན་སྐྱེས་རྣམ་དག་ཡེ་ཤེས་སོ། །


དེ་ལས་གཞན་དུ་རྣམ་པར་སྣང་བ་ཅུང་ཟད་ཀྱང་མེད་དེ། གཟུགས་སོགས་ཇི་སྙེད་པ་རྣམས་ཀྱི་སྣང་བ་ནི་ཡེ་ཤེས། སྟོང་པ་ནི་དབྱིངས། དབྱེར་མེད་པ་ནི་སྣང་བ་ལྷན་སྐྱེས་རྣམ་དག་ཡེ་ཤེས་སོ། །དེ་ལྟར་རྣམ་པ་གཉིས་པོ་འདིས་ངོ་སྤྲད་དེ་ལུས་མི་སྒྲིམ། ངག་མི་དགག །ཡིད་མི་བཅིངས་པ་སྟེ་ཐ་མལ་རྣམ་པ་གསུམ་ལ་གནས་པར་བྱའོ།

༼ ༡༽ གློད་དེ་བཞག  རང་དགར་བཏང་།  ཐུག་ཕྲད་ལམ་དུ་ཁྱེར་བ་སྟེ་ཉམས་ལེན་རྣམ་པ་གསུམ་དང་མ་བྲལ་བར་བྱའོ།

༼༢༽ སྣང་བ་མི་དགག །ཐབས་ལམ་མི་འདོར།  སྙིང་རྗེ་མི་སྤང་བ་སྟེ་བོགས་འདོན་རྣམ་པ་གསུམ་ལམ་དུ་བྱའོ།

༼༣༽ མི་རེ།  མི་དོགས།  མི་འཛིན་པ་སྟེ་གོལ།  གེགས་རྣམ་གསུམ་ཡང་ཡང་དུ་གསལ་གདབ་པར་བྱའོ།

༼༤༽ རྗེས་ལ་བླ་མ་ལ་གདུང་བ་བསྐྱེད།  ཀུན་ལ་དག་སྣང་བསྒོམ།  མཉམ་རྗེས་གཅིག་ཏུ་བསྲེ་བ་སྟེ་དམ་ཚིག་རྣམ་གསུམ་ལས་ནམ་དུའང་མི་འདྲལ་བར་བྱའོ།
༼༥༽ ལྷུན་གྲུབ་རང་བཞག  གཏད་མེད་དེ་ལྟ་སྒོམ་རྣམ་གསུམ་མཐར་དབྱུང་ངོ་།

༼༦༽ རྒྱུ་འབྲས་དབྱེར་མེད་བདེན་ན་གཉིས་དབྱེར་མེད། འཁོར་འདས་དབྱེར་མེད་དེ་དབྱེར་མེད་རྣམ་གསུམ་གདོད་མའི་གཤིས་ཞེས་མཐར་ཕྱིན་པའོ།
༼༧༽དེ་ལྟར་ཡན་ལས་གསུམ་ཚན་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་རྣམ་དག་ཡེ་ཤེས་ཞེས་ཀྱང་བྱ། ཡན་ལག་བདུན་ལྡན་ཞེས་ཀྱང་བྱ་སྟེ། མངའ་བདག་མཻ་ཏྲི་བས། ཏི་ཕུ་པ། བཛྲ་། དཔལ་ཆེན་པོ་ལས་བྱུང་བ་མཁའ་སྤྱོད་པས་བྲིས་སོ། །མངྒ་ལཾ་བྷ་བ་ཏུ། །




༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།