རྗེ་བྱང་ཆུབ་སེང་གེའི་རྣམ་ཐར།



ཆོས་རྗེ་བྱང་ཆུབ་སེངྒེ་ནི་ཕྱི་ལོ་༡༥༡༠་ལྕགས་རྟ་ལོ་ཟླ་བ་༦་ཚེས་༡་ལ་སྨར་ཁམས་ཁྱུང་འབུམ་ཡུག་པོ་གྲོང་དཔལ་ལེགས་ཚང་གི་ཡབ་བྱམས་པ་རྒྱ་མཚོ་དང་ཡུམ་ཡེ་ཤེས་དབང་མོ་གཉིས་ལས་སྐུ་འཁྲུངས།


དགུང་ལོ་བཅུ་གསུམ་ལ་ཤོ་དགོན་དུ་ཕེབས་ནས་བྱང་ཆུབ་དཔལ་བཟང་སོགས་ལས་རབ་ཏུ་བྱུང་བས་མཚན་བྱང་ཆུབ་སེངྒེ་གསོལ། མཁན་པོ་དང་བཟའ་ར་རྡོ་རྗེ་ལས་མདོ་གཞུང་དང་བཀའ་རྙིང་གི་གསང་ཆོས་མང་པོ་ཐོས་བསམ་སྒོམ་གསུམ་མཛད།  བཟའ་ར་རྡོ་རྗེས་རང་གི་བླ་མའི་སྐྱེ་བ་ཡིན་པ་མཁྱེན། དགུང་ལོ་ཉི་ཤུ་ལ་རིན་ཆེན་ཉི་མ། དཀོན་མཆོག་ངག་དབང་སོགས་ལས་བསྙེན་པར་རྫོགས།  དགུང་ལོ་སུམ་ཅུ་སོ་གཅིག་ལ་ཀཿཐོག་ལ་ཕེབས་ནས་ཤྰཀྱ་རྒྱལ་མཚན་ལས་སྨར་ཚང་ཕྱག་ཆེན་དང་རྫོགས་ཆེན་གྱི་ཁྲིད་གསན་ནས་སྒོམ་སྒྲུབ་བྱས་པས་ལྟ་བ་ཐུགས་ལ་འཁྲུངས། སླར་ཙོམ་མདོ་གནས་གསར་དགོན་ཕེབས་ནས་ཁྲི་རབས་བཅོ་ལྔ་པའི་ཐུགས་འགན་བཞེས།  ཡངས་རི་དགོན་གྱི་རི་ཁྲོད་དུ་སྒོམ་སྒྲུབ་མཛད་པས་གྲུབ་པའི་གོ་འཕང་བརྙེས།  ཕྱི་ལོ་༡༥༧༡་ལྕགས་ལུག་ལོ་ཟླ་བ་༨་ཚེས་༡༧་ལ་བདེ་བར་གཤེགས།  སློབ་མ་བཀྲ་ཤིས་རྒྱ་མཚོ། སྐལ་བཟང་རྒྱ་མཚོ། ཐུབ་བསྟན་རྒྱ་མཚོ། རིག་འཛིན་སེངྒེ་། འཇམ་དཔལ་སེངྒེ་། ཡོན་ཏན་སེངྒེ་། ཟླ་བ་རྡོ་རྗེ། ཉང་རལ་གོ་ཆ། འབྲོང་བཟང་བ་བཅས་བྱོན།  །
རྣམ་ཐར་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་ཆོག་མཆན་མེད་པར་ཕབ་ཤུལ་མི་ཆོག་པར་ཞུ། །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།