རྗེ་བཙུན་སྒྲོལ་མ་ལ་གསོལ་འདེབས།

དུས་གསུམ་སངས་རྒྱས་འཕྲིན་ལས་མཛེས་པའི་སྐུ།
མ་འདྲེས་དྲུག་ཅུའི་སྙན་འཇེབས་ལྡན་པའི་གསུང།


ལེགས་ཉེས་ཕྲ་རགས་རྗེན་པར་མཁྱེན་པའི་ཐུགས།
ཉོན་མོངས་དྲི་སེལ་སྒྲོལ་མར་གསོལ་བ་འདེབས། །

བཞིན་རས་ཉ་གང་ཟླ་བརྒྱ་བརྩིགས་འདྲའི་ངོས།
སྙིང་རྗེ་འཛུམ་མདངས་འོད་རླབས་འཕྲོས་པའི་ཚེ། །
གདུང་བའི་སྤྲིན་རུམ་ཆོས་ཉིད་མཁའ་ལ་ཡལ།
མཐོང་བར་ཀུན་སྨོན་སྒྲོལ་མར་གསོལ་བ་འདེབས། །

སྐལ་དམན་ངན་འགྲོར་ལྷུང་བའི་ལུས་ཅན་ལ།
བརྩེ་བའི་གཟིགས་པ་ནམ་ཡང་མི་འདོར་བར། །
བཤེས་གཉེན་སྤྲུལ་པ་སྣ་ཚོགས་སྟོན་མཛད་པའི།
ཐབས་མཁས་ཐུགས་རྗེ་སྒྲོལ་མར་གསོལ་བ་འདེབས། །

རིང་ནས་འཁོར་བར་ཉུལ་བའི་འགྲོ་བ་ལ།
འཇིགས་པ་བརྒྱད་ཀྱི་འཐོར་རླུང་དབྱིངས་སུ་དེད།
ཕར་ཕྱིན་དྲུག་གི་འཇའ་ཟེར་ལམ་སྣ་དྲོངས།
འདི་ཕྱིའི་སྐྱབས་མཆོག་སྒྲོལ་མར་གསོལ་བ་འདེབས།

ལྔ་བདོ་རྩོད་པའི་དུས་ཀྱི་མཐའ་ལ་བརྟེན། །
རྐྱེན་ངན་སྣ་ཚོགས་འཕྲད་པར་མཐའ་མེད་ཀྱང་།
བཤད་སྒྲུབ་བསྟན་པ་སྐྱོང་བར་གྲོགས་མཛད་མ། །
འཕྲིན་ལས་ལྷ་མཆོག་སྒྲོལ་མར་གསོལ་བ་འདེབས།

ཐོས་པའི་ཉམས་ལེན་རི་ཁྲོད་མ་འགྲིམས་པས། །
གཉུག་མའི་སེམས་འདིས་བྱིང་རྒོད་ཞོན་བཞིན་དུ།
བག་མེད་ཐང་ལ་རྒྱུག་པར་ལྷག་ཏུ་འགྱོད། །
མ་གཅིག་རྗེ་བཙུན་སྒྲོལ་མར་གསོལ་བ་འདེབས།

འདྲེན་མཆོག་སྐྱབས་གནས་ཀུན་ལས་ཆེས་ལྷག་པའི།
སྐྱེ་དགུའི་མོས་པ་ཚིམ་མཛད་བདེ་བའི་གཏེར། །
འདི་ཕྱིར་རེ་བལྟོས་ཞུ་ས་གཞན་མེད་པས།
རྗེ་བཙུན་སྒྲོལ་མས་ལམ་སྣ་འདྲེན་དུ་གསོལ། །
ཞེས་ལྷ་མཆོག་རྗེ་བཙུན་སྒྲོལ་མར་གསོལ་འདེབས་པད་དཀར་ཆུན་པོ་འདི་ནི། འགྲོ་མགོན་གངས་རི་ཀརྨའི་སྐྱེས་ཕྲེང་ཀུན་གྱི་གྲས་མཐར་ཆུད་པའི་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་ཞི་བདེ་དཔལ་ཡོན་ཕྱུག་མོ་དབྱིན་ལེན་རྒྱལ་ཁབ་ཏུ་བྲིས་སོ།

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།