བཀའ་བརྒྱུད་བླ་མ་ལ་གསོལ་འདེབས།

ཆོས་རྗེ་སྨར་པའི་ཉམས་མགུར།



ཨོཾ་སྭ་སྟི། །
འགྲོ་བའི་མགོན་པོ་རྡོ་རྗེ་འཆང་། །
བཀའ་བཞིའི་བྱིན་རླབས་ཏེེ་ལོ་པ། །
མི་བརྗེད་གཟུང་ཐོབ་ནྰ་རོ་པ། །
གོང་མ་རྣམས་ལ་གསོལ་བ་འདེབས། །

བསྒྲུག་པའི་བར་ཆད་ཞི་བ་དང་། །
ཅི་བྱེད་ཆོས་སུ་འགྲོ་བ་ལ། །
དོན་དང་ལྡན་པར་གསོལ་བ་འདེབས། །
བདག་ལ་བྱིན་གྱིས་བརླབ་དུ་གསོལ། 

རླུང་སེམས་དབང་ཐོབ་མར་པ་དང་། །
མི་ལ་རབ་གྲགས་འཛམ་གླིང་རྒྱན། །
བྱང་སེམས་སྤྲུལ་པ་སྒམ་པོ་པ། །
གོང་མ་རྣམས་ལ་གསོལ་བ་འདེབས། །

དགོན་པ་རང་དབང་ཐོབ་པ་དང་། །
ལམ་ལ་ཐེ་མཚོ་མེད་པ་དང་། །
བློ་ཆོས་འགྲོ་བར་གསོལ་བ་འདེབས། །
བདག་ལ་བྱིན་གྱིས་བརླབ་དུ་གསོལ། །

མཆོག་གི་སྤྲུལ་པ་ཤྰཀྱའི་རྒྱལ། །
བསྟན་ལ་སངས་རྒྱས་གཉིས་པ་བྱོན། །
རྗེ་བཙུན་ཁམས་པའི་བྱིན་རླབས་ལ། །
བདེ་ཆེན་ངང་དུ་གསོལ་བ་འདེབས། །

བདག་སོགས་གདུལ་བྱ་གང་གྱུར་རྣམས། །
གཞན་གྱི་དྲིན་ལ་མི་འཇོག་པར། །
ཁྱེད་ཀྱིས་སྨིན་པར་གསོལ་བ་འདེབས། །
བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །

ཐུགས་ཀྱི་སྤྲུལ་པ་རིན་པོ་ཆེ། །
མཚུངས་མེད་ཡོན་ཏན་མཐའ་ཡས་པའི། །
རྗེ་བཙུན་ཁམས་པའི་བྱིན་རླབས་ལ། །
བདེ་ཆེན་ངང་དུ་གསོལ་བ་འདེབས། །

ཉིན་མཚན་སྤྱོད་ལམ་ཐམས་ཅད་དུ། །
ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས། །
མཉམ་བཞག་ངང་དུ་གསོལ་བ་འདེབས། །
བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །

མཉམ་བཞག་ཆེན་པོ་སྤྲོས་དང་བྲལ། །
གཞན་སྣང་རྟེན་འབྲེལ་འགྲོ་དོན་འབྱུང་། །
རྗེ་བཙུན་ཁམས་པའི་བྱིན་རླབས་ལ། །
བདེ་ཆེན་ངང་དུ་གསོལ་བ་འདེབས། །

ཆོས་ཉིད་བདེ་ཆེན་རྟོགས་པ་དང་། །
བརྒྱ་ཕྲག་བདུན་གྱིས་ཡོན་ཏན་རྣམས། །
ལྷུན་གྲུབ་འབྱུང་བར་གསོལ་བ་འདེབས། །
བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །

འབྲས་བུ་ཟུང་འཇུག་བློ་ལས་འདས། །
གཉིས་མེད་ཐུགས་ཀྱིས་འགྲོ་དོན་མཛད། །
རྗེ་བཙུན་ཁམས་པའི་བྱིན་རླབས་ལ། །
བདེ་ཆེན་ངང་དུ་གསོལ་བ་འདེབས། །

འཁོར་འདས་ཆོས་རྣམས་མ་ལུས་ཀུན། །
སེམས་ཉིད་ངང་དུ་རྟོགས་པ་དང་། །
གཉིས་སྣང་ཞི་བར་གསོལ་བ་འདེབས། །
བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །
ཐུབ་པའི་བསྟན་ལ་བྱ་བ་བྱས། །
དོན་དམ་སངས་རྒྱས་ངོ་བོར་གྱུར། །
གཞན་སྣང་བཀའ་བརྒྱུད་རྣམ་ཐར་སྐྱོང་། །
བླ་མ་རྣམས་ལ་གསོལ་བ་འདེབས། །

བསྒོམ་བྱ་སྒོམ་བྱེད་བསྒོམ་པ་རྣམས། །
ནམ་མཁའི་དཀྱིལ་ལྟར་དག་པ་འདི། །
བློ་འདས་རྟོགས་པར་གསོལ་བ་འདེབས། །
བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །

རྣལ་འབྱོར་ལུས་རྒྱ་འཇོག་པའི་ཚེ། །
འབྱུང་བཞི་ཐིམ་པའི་དམ་པ་དང་། །
ཉམས་རྟོགས་བར་དོའི་སྣང་བ་རྣམས། །
རང་སྣང་ཆོས་སྐུའི་ངང་དུ་དག །

གཞན་དོན་གཟུགས་སྐུ་སྣ་ཚོགས་ཀྱིས། །
འགྲོ་བ་འདྲེན་པའི་འཕྲིན་ལས་ཅན། །
ཤིན་ཏུ་ཡུན་རིང་བཞུགས་པ་དང་། །
གདུལ་བྱའི་ལྷག་མ་སྨིན་བར་ཤོག །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།