ཡབ་སྲས་མཇལ་བའི་མགུར།

ཆོས་རྗེ་སྨར་པའི་གསུང་མགུར




ཨོཾ་སྭ་སྟི། །
སྤྲུལ་སྐུ་གསུམ་པོ་ཞབས་ཀྱིས་བཅག །
སྦྱངས་སྟོབས་འབྲས་བུ་སྨིན་པའི་གཞི། །
རྟོགས་ལྡན་གྲངས་མེད་བཞུགས་པའི་གནས། །
བཀའ་བརྒྱུད་བླ་མར་ཕྱག་འཚལ་ལོ། །

བདེ་བའི་འབྱུང་གནས་ཕག་མོ་གྲུར། །
རང་སེམས་གཉིས་སུ་མེད་པར་མཇལ། །
གསུངས་པ་ཙམ་གྱིས་བྱིན་རླབས་ཞུགས། །
བདེ་སྟོང་ཉམས་ཀྱིས་ལུས་སེམས་རྒྱས། །

ཁོ་བོས་སྐྱེ་བ་སྔ་མ་ཡང་། །
ཁྱོད་ཀྱི་བླ་མ་བགྱིས་པ་དང་། །
གསང་སྔགས་ཟབ་མོས་སྐྱོང་བའི་རྟགས། །
ཡིན་ཞེས་བདག་ལ་བཀའ་ལུང་སྩལ། །

ཆོས་ཚིག་གཅིག་ཀྱང་མ་བསྟན་པར། །
སེམས་ལ་བྱིན་རླབས་མཁའ་དང་མཉམ། །
གཉུག་མ་རང་ངོ་རང་གིས་ཤེས། །
སེམས་ཉིད་སྐྱེ་འགག་མེད་པར་མཐོང་། །

ནམ་མཁའ་ལྟ་བུའི་རང་སེམས་དེ། །
མཐར་ཐུགས་ཆོས་སྐུར་ངོ་སྤྲོད་མཛད། །
བླ་མ་བདེ་གཤེགས་རིན་པོ་ཆེས། །
ཞལ་ནས་བདག་ལ་འདི་སྐད་གསུངས། །

མོས་གུས་རིན་ཆེན་སྣོད་ལྡན་ལ། །
བཀའ་བརྒྱུད་བྱིན་རླབས་ཞུགས་པ་ཡིན། །
ལས་ཅན་ནམ་མཁའ་དྭངས་མ་ལ། །
གཉིས་མེད་རྟོགས་པའི་ཉི་མ་ཤར། །

སྐྱེས་བུ་དམ་པ་དགའ་བར་གྱིས། །
འཁོར་འདས་གཉིས་ཀྱི་ཤན་ཕྲག་ཕྱེད། །
མཐའ་དང་བྲལ་བའི་དབུ་མ་དེ། །
ཁྱོད་ཀྱིས་ད་གཟོད་གོ་ཞེས་གསུངས། །

ངོ་སྤྲོད་གཉིས་པ་འདི་ལྟར་མཛད། །
ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ། །
ཀུན་ཏུ་གྲོལ་བའི་ཚུལ་དུ་ཡང་། །
འདམ་བུ་ཤིང་གི་དཔེ་ཡིས་བསྟན། །

བླ་མའི་བྱིན་རླབས་གསེར་འགྱུར་རྩིས། །
ཐ་མལ་ཤེས་པ་ཆོས་སྐུར་བསྒྱུར། །
ཉིན་མཚན་རྒྱུན་པར་འོད་གསལ་ངང་། །
དྲན་སྣང་ཟུང་འཇུག་ངོ་བོར་རྟོགས། །

ལམ་གྱི་སྐུ་གསུམ་ཉམས་སུ་མྱོངས། །
འབྲས་བུ་སྐུ་གསུམ་བློ་ལས་འདས། །
འཆི་བར་མི་འཇིགས་གདེང་ཞིག་ཡོད། །
བར་དོར་འཁྲུལ་བའི་དོགས་མ་མཆིས། །

མདངས་ལྡན་སྙིང་པོའི་མེ་ཏོག་རྒྱན། །
མི་འཁྲུགས་རྒྱལ་པོའི་ཞིང་ཁམས་དེར། །
འདྲེན་པ་བློ་གྲོས་དྲི་མེད་དང་། །
སྤྲུལ་སྐུ་ཡབ་སྲས་མཇལ་བར་ངེས། །

བཀའ་དྲིན་ཅན་གྱི་བླ་མ་ལ། །
སྒྲུབ་པའི་བསྙེན་བཀུར་མ་ནུས་ཀྱང་། །
མོས་གུས་ལྷུན་གྲུབ་ཆུ་རྒྱུན་བཞིན། །
ཉིན་མཚན་སྤྱོད་ལམ་ཐམས་ཅད་དུ། །

སྣང་སེམས་ཟུང་འཇུག་རྟོགས་པ་བསྐྱངས། །
ཁ་ལྟ་རྐྱང་པར་མ་སོང་ཙམ། །
བླ་མས་ཅི་གསུངས་བགྱིས་ལགས་པས། །
བན་སྤྲང་གི་འདུག་མ་རྩེ་མར་སོང་། །
སྤྲུལ་སྐུ་བླ་མ་རིན་པོ་ཆེ་ཕག་མོ་གྲུ་པ་ལ་བན་སྤྲང་ཤེས་རབ་ཡེ་ཤེས་ཀྱི་མཇལ་ལུགས་ལགས་སོ།

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།