ཉམས་རྟོགས་ཡན་ལག་བདུན་པ།

ཆོས་རྗེ་སྨར་པའི་ཉམས་མགུར།


བསམ་གྱིས་མི་ཁྱབ་ཆོས་ཀྱི་སྐུ། །
དག་པའི་སྣང་བ་རྡོ་རྗེ་འཆང་། །
དབྱེར་མེད་བཀའ་བརྒྱུད་རིན་པོ་ཆེ། །
སྤྲུལ་སྐུ་བདུན་ལ་ཕྱག་འཚལ་བསྟོད། །

ཟུང་འཇུག་གཉིས་སུ་མེད་པའི་སྐུ། །
བདག་གི་བླ་མ་ཐམས་ཅད་མཁྱེན། །
ཕག་མོ་གྲུ་པ་ཡོངས་གྲགས་པའི། །
བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །

ཁམས་གྱི་རང་བཞིན་དག་ན་ཡང་། །
གློ་བུར་རྣམ་རྟོག་དག་བྱེད་སྨན། །
སྙན་རྒྱུད་གདམས་ངག་རིན་པོ་ཆ། །
བཞག་ཐབས་བཞི་ལ་ཕྱག་འཚལ་བསྟོད། །

གཉུག་མ་ཕྱག་རྒྱ་ཆེན་པོའི་ངང་། །
དྲན་སྣང་ཟུང་འཇུག་ངོ་བོར་རྟོགས། །
མྱོངས་མཁན་མེད་ཀྱང་སྟོང་ལ་བདེ། །
རྟོགས་པ་མཆོག་གི་མཆོད་པ་འབུལ། །

ཉིན་མཚན་རྒྱུན་པར་འོད་གསལ་ངང་། །
འཁོར་འདས་བཅིང་གྲོལ་མེད་པར་གོ །
མཉམ་རྗེས་སྣང་སྟོང་དུས་མཉམ་བས། །
ཐུན་བཞིར་མ་ཤེས་མཐོལ་ལོ་བཤགས། །

ཐོག་མཐའ་མེད་པ་རང་གི་སེམས། །
སྐྱེ་འགགས་མེད་པ་ཆོས་ཀྱི་སྐུ། །
ལྷུན་གྲུབ་ཆེན་པོ་ཡེ་སངས་རྒྱས། །
རྟོགས་པ་མཆོག་ལ་རྗེས་ཡིད་རང་། །

གདུལ་བྱ་དབང་པོ་ཡང་རབ་ཀྱི། །
མ་རིག་ཆོས་སྐུར་བསྒྱུར་མཛད་པ། །
བྱིན་རླབས་གསེར་འགྱུར་རིན་པོ་ཆེ། །
ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །

ཟུང་འཇུག་ཆེན་པོའི་ཏིང་འཛིན་གྱིས། །
སྲིད་ཞི་མཉམ་བར་མཁྱེན་ན་ཡང་། །
གཞན་སྣང་གཟུགས་སྐུ་འགྲོ་དོན་ལ། །
མྱ་ངན་མི་འདའ་གསོལ་བ་འདེབས། །

དང་པོ་བྱང་ཆུབ་སེམས་བསྐྱེད་ནས་། །
དུས་གསུམ་དགེ་བ་ཅི་བགྱིས་པ། །
མི་དམིགས་འཁོར་གསུམ་དག་པ་ཡི།
མཉམ་ཉིད་བྱང་ཆུབ་ཆེན་པོར་བསྔོ། །

སུམ་བཅུ་རྩ་བདུན་ཆོས་རྣམས་ཀུན། །
འོད་གསལ་ཆེན་པོའི་ངང་དུ་རྫོགས། །
འབྲས་བུ་མཐར་ཐུགས་དཀོནམཆོག་གསུམ། །
རང་ལ་རྙེད་པའི་བཀྲ་ཤིས་ཤོག །

ཉམས་རྟོགས་མཆོག་གི་ཡན་ལག་བདུན། །
གང་གིས་ཉམས་སུ་བླངས་གྱུར་པ། །
རང་བྱུང་ཡེ་ཤེས་རྟོགས་པ་དང་། །
འཆི་བས་འཛིན་པ་མེད་པར་ངེས། །
རྣལ་འབྱོར་པ་ཤེས་རབ་ཡེ་ཤེས་ཀྱིས་བསྡེབས་པའོ། །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།