གདམས་ངག་གནང་ལུགས་ཀྱི་མགུར།

ཆོས་རྗེ་སྨར་པའི་གསུང་མགུར།





མགོན་རྒྱལ་སྲས་གྲངས་མེད་བྱོན་པ་ཡི། །
གནས་བྱིན་རླབས་ཅན་གྱི་ཕག་མོ་གྲུར། །
ཐུགས་མཁྱེན་པ་ཅན་གྱི་རྗེ་བཙུན་གྱིས། །
བདག་རྣལ་འབྱོར་མི་བསྐྱོད་རྡོ་རྗེ་ལ། །

དུས་གསུམ་སངས་རྒྱས་གྱི་དགོངས་པ་དེ། །
དོན་སྙིང་པོ་བསྡུས་ནས་ཚིག་ཏུ་གསུངས། །
བདག་ཤེས་རབ་ཅན་ལྟར་མ་ལགས་ཏེ། །
གནས་གཅིག་ཤེས་ཀུན་ལ་མཁས་པར་གྱུར། །

ལམ་གོལ་མེད་ཐེག་པ་ཆེན་པོ་བསྟན། །
བདག་བརྩོན་འགྲུས་ཅན་ལྟར་མ་ལགས་ཏེ། །
མགོན་རྒྱལ་སྲས་རྣམས་ཀྱི་གཞུང་ལམ་དུ། །
ང་འགྲོ་འོང་མེད་པར་རྟོགས་པས་ཆོད། །

ཕ་གྲུབ་ཐོབ་རྣམས་ཀྱི་གསང་གཏམ་དེ། །
ཚིག་རྡོག་པོ་གཅིག་གི་ནང་དུ་གསུངས། །
སེམས་གདོད་ནས་སྐྱེ་འགག་མེད་པ་དེ། །
ད་ཆོས་སྐུ་སྤྲོས་བྲལ་ཡིན་པར་གོ །

གནས་འཁོར་བའི་ཟུང་རྡུ་ཞི་མཛད་པའི། །
ནད་བརྒྱ་ལ་སྨན་གཅིག་མན་ངག་བསྟན། །
སེམས་བདག་འཛིན་མུན་པ་སེལ་ཕྱིར་ཏུ། །
ཉམས་རྟོགས་པ་ཡེ་ཤེས་སྒྲོན་མེ་བསྟན། །
གཉིས་འཛིན་སྤྲོས་པ་དག་པ་ཡི། །
ཉམས་རྟོགས་དུ་མ་རོ་གཅིག་བསྟན། །
ཚེ་གཅིག་བྱང་ཆུབ་འགྲུབ་ངེས་པའི། །
གཉུག་མ་རྟོགས་པ་རང་གྲོལ་བསྟན། །

སྲིད་དང་ཞི་ལ་མི་གནས་པའི། །
རང་བཞིན་མྱ་ངན་འདས་པ་བསྟན། །
ཆོས་བརྒྱད་ཀྱི་རི་མགོ་བསྙམ་བ་ལ། །
རེ་དོགས་བྲལ་བའི་ཏིང་འཛིན་བསྟན། །

བྱིང་རྒོད་དབང་དུ་མི་འགྲོ་བའི། །
འོད་གསལ་རྒྱུན་ཆད་མེད་པ་བསྟན། །
ལོག་འཚོའི་ཉིད་ལ་མི་ཞེན་ཕྱིར། །
ཟད་མེད་འཕགས་པའི་ནོར་བདུན་བསྟན། །

འཆི་ཀར་གནོད་གཅོད་མི་འོང་བའི། །
མཁའ་འགྲོ་རེ་བཞིའི་ནང་གཏོར་བསྟན། །
བར་དོར་སྣང་བ་མི་འཁྲུལ་བའི། །
འཚམས་སྦྱོར་འོད་གསལ་མན་ངག་བསྟན། །

སྐྱེ་འཆིེ་སྡུག་བསྔལ་མི་མྱོངས་པའི། །
བཅུད་ལེན་སྐྱེ་མེད་རྟོགས་པ་བསྟན། །
སྒྲིབ་གཉིས་རང་སར་དག་པ་ལ། །
ཚོགས་གཉིས་ཁྱུང་གཤོགས་རྐྱོང་བ་བསྟན། །

འཇིག་རྟེན་འཁྲི་བ་གཅོད་པ་ལ། །
བློ་ལྡོག་བཞི་ཡི་གདམས་ངག་བསྟན། །
རི་དགོན་ཉམས་རྟོགས་བསྐྱང་བ་ལ། །
ལུས་སྲོག་ལྟོས་མེད་གདམས་ངག་བསྟན། །

འཇིགས་པ་ཀུན་ལ་ཐར་བ་ཡི། །
ཆོས་སྐུ་རྟོགས་པའི་སྐྱབས་འགྲོ་གནང་། །
འུབས་ཀྱིས་ཧྲིལ་གྱིས་བསྡུས་ལགས་ན། །
སྙན་བརྒྱུད་ཆོས་ཁུངས་གཅིག་ཏུ་བསྟན། །

རྟོགས་པ་གཅིག་གི་ནང་ཤོད་དུ། །
སངས་རྒྱས་ཡོན་ཏན་རྫོགས་པ་བསྟན། །
བཀའ་དྲིན་ཆེ་འོ་དམ་པ་རྗེ། །
བཀའ་དྲིན་ལན་གཅིག་འཁོར་ཐབས་མེད་། །

འཇའ་ལུས་ཆོས་སྐུ་མ་ཐོབ་བར། །
བསྒྲུབ་པའི་མཆོད་པས་མཉེས་པར་བགྱིས། །
ཞེས་རྣལ་འབྱོར་པ་ཤེས་རབ་ཡེ་ཤེས་ཀྱིས་བསྡེབས་སོ། །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།