ཀ་འཕྲིན་སྐྱོ་བའི་གདུང་མགུར།

ཀ་འཕྲིན་སྐྱོ་བའི་གདུང་མགུར།



ཀ་དག་ཆོས་ཀྱི་མཛོད་འཛིན་སྲས་གཙང་གི་སྲོས་པོ། །
ཁ་སྦྱོར་ཡན་ལག་བདུན་ལྡན་སངས་རྒྱས་ཀྱི་གསོན་དང་། །
ག་ལེར་ཞིབ་ཏུ་བལྟས་དུས་མི་ཡུལ་གྱི་རྟེན་འདིར། །
ང་ནི་སྲིད་པའི་ཁྲོམ་ལ་འགྲིམ་ཚུལ་དེ་ཕངས་པ། །

ཅ་རེ་ཁོང་ཁྲོ་དྲག་པོ་འཚབ་འཚུབ་ཏུ་ལངས་ཤིང་། །
ཆ་ལུགས་ཞི་དུལ་ཉམས་པའི་ཛ་ཛོ་ཡི་བུ་ངས། །
ཇ་ཆང་ཤ་ཁྲག་ངེས་མེད་དུག་ཟས་ལ་རོལ་ཏེ། །
ཉ་ཉོག་རྨོངས་པའི་གྲས་སུ་སྡོད་དགོས་དེ་ཕངས་པ། །

ཏ་ཐྰ་ག་ཏའི་གསུང་རབ་གངས་རི་ཡི་འདབས་སུ། །
ཐ་ཆད་བདག་གིས་འཆད་དང་རྩོད་པ་རེ་བྱས་ཀྱང་། །
ད་ལྟའི་སེམས་ལ་ཞིབ་ན་དགོད་བྲོ་ལས་མི་འདུག །
ན་གཞོན་དབང་ཤུགས་ཆེ་བའི་ཉམས་ལེན་དེ་ཕངས་པ། །

པ་ཏྲའི་རིས་ལྟར་སེམས་འདི་གཡོ་ཐབས་ལ་འཁྱོག་ཅིང་། །
ཕ་མར་གྱུར་པའི་སེམས་ཅན་མགོ་བོ་རང་བསྐོར་ཏེ། །
བ་ལང་ལྟ་བུའི་ཟ་འཐུང་ཉལ་གསུམ་ལ་འཐོམས་ནས། །
མ་དག་འཁོར་བའི་འདམ་དུ་བྱིང་ཚུལ་དེ་ཕངས་པ། །

ཙ་ཏུར་འཆི་བདག་གཤིན་རྗེའི་ཐག་སྐུད་ཀྱིས་བཅིང་སྟེ། །
ཚ་དང་གྲང་ངར་བཟོད་པ་དཀའ་བ་རེ་མྱོང་ཚེ། །
ཛ་ལང་རྒྱོབས་སྲོད་འུར་སྒྲས་གནམ་ས་རུ་བཀང་དུས། །
ཝ་ལྟར་སྐད་སྒྲ་འཚེར་རེ་འགྱེལ་དགོས་དེ་ཕངས་པ། །

ཞྭ་གོས་རྒྱན་གྱིས་སྤྲས་ཤིང་ཁྲི་མཐོན་དུ་བཞུགས་ནས། །
ཟ་འཐུང་དཀོར་ནག་རོལ་བའི་རྣམ་སྨིན་གྱི་ལས་འཕྲོས། །
འ་འུར་རྫིག་ཉམས་ཆེན་པོའི་གདན་ཐོག་ལས་ཕབ་ནས། །
ཡ་མཚན་དཀྱུས་མའི་གྲས་སུ་ལྷུང་དུས་དེ་ཕངས་པ། །

ར་ཁང་ཕག་ཁང་ལྟ་བུ་འཇིག་རྟེན་གྱི་གླིང་འདིར། །
ལ་ལུང་གང་དུ་སོང་ན་བདེ་སྐྱིད་དེ་མེད་ཀྱང་། །
ཤ་ཁྲག་སྒྱུ་མའི་ཕུང་པོ་མ་འདོར་གྱི་བར་དུ། །
ས་སྟེང་འདི་རུ་མི་སྡོད་ཀ་མེད་དེ་ཕངས་པ། །

ཧ་ཅང་འཚོ་ཟས་སྐྱོ་བའི་སེམས་ཅན་གྱི་ཐོག་ཏུ། །
ཧ་ལང་སྙིང་རྗེ་མེད་པའི་དཔུང་ཤུགས་དེ་ངོམ་ནས། །
ཨ་ཙི་ལས་འབྲེལ་དཀར་ནག་རྩིས་མེད་དུ་བཏང་དུས། །
ཨ་ཁ་བསམ་ཡང་སྐྱོབ་པའི་བྱ་ཐབས་དེ་བྲལ་སོང་། །

ཨ་འཐས་འཁོར་དང་གཡོག་པོ་ཚོང་དུས་ཀྱི་མགྲོན་པོ། །
ཨ་རོག་འཁོར་བའི་ཐང་ལ་ལན་གཅིག་རང་འཕྲད་དུས། །
ཨ་ཅང་ཟང་ཟིང་འབྱོར་བ་སྤྲོ་སྐྱིད་ལ་སྤྱོད་ཚེ། །
ཨ་མཚར་མི་རྟག་འགྱུར་ལྡོག་རྨི་ལམ་དེ་ཡལ་སོང་། །

ཨ་མི་ཏྰ་བྷའི་གཞལ་ཡས་གཡུ་ཞུན་གྱི་ཕོ་བྲང་། །
ཨ་དོན་འོད་གསལ་ཆེན་པོ་སྟོང་ཉིད་ཀྱི་དབྱིངས་སུ། །
ཨ་ཝ་དྷུ་ཏིའི་ལམ་ནས་རྫུས་སྐྱེས་ཀྱི་ཞིང་དེར། །
ཨ་རེ་གཅུང་མོ་ངེད་གཉིས་འཇུག་ཐབས་ལ་བརྩོན་ཀྱེེ། །

མཛའ་བ་ཡུན་ཙམ་བསྟེན་པའི་འདིར་འདུས་ཀྱི་མིང་སྲིང་། །
ལན་གཅིག་འཕྲད་པའི་བརྩེ་གདུང་ཡལ་ཐབས་ནི་མི་འདུག །
འཆི་དུས་སོ་སོར་འབྲལ་ཡང་མྱ་ངན་གྱི་གཞི་མ། །
གཅིག་སེམས་གཅིག་ལ་འཁོར་བའི་སྐྱོ་སྣང་རེ་ཤར་སོང་། །

སྡུག་བསྔལ་རྟེན་ལས་གྲུབ་པའི་འདུ་བྱེད་ཀྱི་ཕུང་པོ། །
འཕྲལ་དུ་སྣང་ཚེ་སྐྱིད་སྐྱིད་འདྲ་པོ་ཞིག་མཐོང་ཡང་། །
དེ་རིང་སྤྲོ་བའི་གོ་ཡངས་སང་ཉིན་དེར་མི་གདའ། །
མི་ཚེ་སྡུག་ལ་སྐྱེལ་བའི་ངང་ཚུལ་དེ་སྐྱོ་བ། །
ཞེས་མགུར་འདི་༡༩༩༧་ཕྱི་ཟླ་༧་ཚེས་༡༥་ལ་སྲིང་མོ་གཉིས་དུས་མིན་ཚེ་ལས་འདས་པས་བཟོད་དཀའ་བའི་སྐྱོ་གདུང་གི་ཁྲོད་དུ་གངས་རི་ཀརྨས་གཙང་ས་སྐྱའི་གདན་སར་འདས་མཆོད་ཉིན་མོར་ཤར་མར་བྲིས་སོ། །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།