སེམས་ཀྱི་བུ་ཆུང་སྲིད་པའི་རི་སུལ་དུ། །
འདོད་པའི་ཆང་གིས་མྱོས་ནས་འགྱེལ་བ་ལ། །
གཉུག་མ་ལྷན་སྐྱེས་ཕ་ཁྱིམ་དྲོན་མོ་རུ། །
རྟེན་འབྱུང་ལམ་ནས་བསུ་མཛད་ཁྱོད་ལ་དད། །
བདག་བློ་མུན་སེལ་རིག་གཞུང་བཟང་པོ་རུ། །
ཐོས་བསམ་རྩོད་གསུམ་གྲུ་གར་ལ་ཞུགས་ནས། །
རིག་ལམ་རྒྱ་མཚོའི་ཕ་རོལ་ཁྲིད་མཛད་པའི། །
དགེ་བའི་དེད་དཔོན་ཁྱོད་ལ་རྟག་ཏུ་དད། །
དམུས་ལོང་རྒན་མོས་བདེ་སྐྱིད་འཚོལ་དུ་བཞུད། །
མི་གཙང་འདམ་དུ་དིམ་ནས་སྐྱོ་བ་སྐྱེས། །
ཤེས་བྱའི་གནས་ལ་རྨོངས་པའི་མ་རིག་པས། །
ལས་ཀྱི་ས་བོན་རྣམ་ཤེས་ཞིང་དུ་བཏབ། །
རྫ་མཁན་བྱས་པའི་སྣོད་ཀྱི་ཆེ་ཆུང་དང་། །
བཀོད་ལེགས་མི་འདྲ་རྣམ་པ་སོ་སོར་བསྐྲུན། །
འདུ་བྱེད་ལས་ཀྱིས་འཁོར་བའི་ལོངས་སྤྱོད་ཀུན། །
བཟང་ངན་སྣང་ཚུལ་མི་གཅིག་ཐ་དད་སྤྲུལ། །
གཅིག་ཏུ་སྡོད་ཚུགས་མེད་པའི་སྤྲིའུ་རྣམས། །
བྲག་དང་ལྗོན་ཤིང་ཕན་ཚུན་མཆོང་རྒྱུག་བྱས། །
རྣམ་ཤེས་དགེ་བའི་རྟེན་ལ་མི་གནས་པ། །
རྣམ་གཡེང་དབང་གིས་འཁོར་བའི་ཁྲོམ་དུ་ཉུལ། །
གྲུ་ཤན་པ་ཡིས་བཀོལ་སྤྱོད་ནུས་ཤུགས་ཀྱིས། །
གྲུར་ཞུགས་མགྲོན་པོ་མཚོ་མོའི་ཕ་རོལ་སྐྱེལ། །
ཚེ་འདི་ཕུང་ལྔའི་བར་སྲིད་ལུས་རྟེན་ལ། །
ཞུགས་ནས་བགྲོད་པའི་སྐྱེ་སྲིད་ཡུལ་དུ་སླེབས། །
སྡོད་གནས་བསྐྲུན་པའི་གྲོང་ཁྱེར་སྒོ་མང་ནང་། །
སྡོད་མཁན་མེད་པའི་གྲོང་སྟོང་སྣང་བ་ཙམ། །
ཕྱི་ཡི་སྐྱེ་མཆེད་ལྔ་པོ་དོད་ཟིན་ཀྱང་། །
ནང་གི་སྐྱེ་མཆེད་མེད་པས་ཚོར་སྣང་དབེན། །
བྱིས་པ་ཕོ་མོའི་འོ་མཆུ་རེག་པ་ལ། །
དགའ་བདེ་འདྲེན་པ་ཞན་ཡང་འཕེལ་བ་བཞིན། །
ཡུལ་དབང་རྣམ་ཤེས་གསུམ་པོ་འདུས་ཙམ་ལ། །
ཆགས་སྡང་ཚོར་བ་ཞན་ཡང་རྒྱས་པར་བྱེད། །
དབང་རྟེན་མིག་ལ་མདའ་མོས་རྨན་པའི་ཚེ། །
ན་ཟུག་སྡུག་བསྔལ་སྲོག་ལྡན་སུ་ཞིག་བཟོད། །
དུག་གསུམ་ཚོར་བའི་འཕྲང་ལམ་དོག་མོ་ནས་། །
བཟོད་པ་དཀའ་བའི་སྡུག་གི་དོང་དུ་ལྷུང། །
ཆང་མྱོས་རིག་པ་འཁྱོར་བའི་ཉེར་ལེན་གྱིས། །
ཕུང་ཀྲོལ་གྱོང་རྒུད་རང་གི་ཕྲག་ཏུ་བབ། །
སྲེད་པའི་ལས་ཀྱིས་ནུས་པ་གསོས་བཏབ་ནས། །
རྣམ་སྨིན་འབྲས་བུ་རང་ལ་སྨིན་པར་བྱས། །
སྤྲི་རྒན་ཤིང་ཐོག་སྔ་མ་ཟ་བཞིན་དུ། །
ཕྱི་མ་འཐུ་ནས་སྦར་མོས་སྙོབ་པ་བཞིན། །
འདོད་པར་སྤྱོད་ཞིང་འདོད་ལ་དུང་སེམས་ཀྱིས། །
སྲེད་པ་འཕེལ་བའི་ལས་ཀྱི་ནུས་པ་རྒྱས། །
ཕོ་མོའི་སྣོལ་མ་བྱས་པའི་ཉེར་ལེན་གྱིས། །
མངལ་སྦྲུམ་ཕྲུ་གུ་ཆགས་པ་འཇིག་རྟེན་སྲོལ། །
ལས་ཀྱིས་ནུས་པ་ཡང་ཡང་གསོས་བཏབ་པས། །
སྲིད་པ་སྐྱེ་བའི་ནུས་ཤུགས་རབ་ཏུ་རྒྱས། །
ཟླ་དུས་ཞག་གྲངས་ཚང་བའི་ཉིན་མོ་ལ། །
བྱིས་པ་སྦྲུམ་མའི་ཕྱི་རུ་བཙས་པ་བཞིན། །
སྐྱེ་སྲིད་ཉིང་མཚམས་སྦྱོར་བའི་རྣམ་ཤེས་ཀྱིས། །
སྐྱེ་བ་གྲུབ་ནས་འཇིག་རྟེན་ཁྲོམ་དུ་ཉུལ། །
ཤི་བའི་རོ་ཞིག་འཁུར་ནས་ཁྲོམ་ལམ་དུ། །
འགྲོ་བར་མཐོང་དུས་མི་རྣམས་སྐྱུག་རེ་བྲོ། །
ལང་ཚོ་རྒས་ནས་འཆི་བའི་ངང་ཚུལ་འདི། །
མཐོང་ན་འཁོར་བའི་ཆོས་ལ་ཞེན་ལོག་སྐྱེས། །
དྲི་མེད་སེམས་ཀྱི་གླང་ཆེ་དཀར་པོ་འདི། །
འཁྲུལ་སྣང་ཞིག་གིས་སྲིད་པའི་སྒོ་ཁ་རུ། །
སྐྱེ་འཆི་འཛིན་པའི་ཚིག་གི་ཀ་བ་ལ། །
དམ་དུ་བཏགས་པ་འདི་ནི་ཡིད་རེ་སྐྱོ། །
ལུས་སེམས་འབྲེལ་བའི་ཚོར་སྣང་སྐུད་པ་འདི། །
གསོན་དུས་སུ་ཞིག་སྐྲག་པ་མི་བྱས་ཀྱང་། །
འཆི་དུས་ཐག་སྐུད་ཕྲ་མོ་ཆད་པ་ལ། །
དབང་ཆེན་བརྒྱ་བྱིན་ཡིན་ཡང་མཆི་མ་ཤོར། །
སྲིད་པའི་གཤིས་ཀའི་ཚོར་སྣང་རེ་རེ་ལ། །
སྐྱོ་བས་ཡིད་ཀྱི་མཆི་མ་རེ་རེ་ལྷུང་། །
བྱི་བོས་འཁྲུལ་སྣང་སྲིད་པའི་ཟུག་སྡུག་ཀུན། །
མི་ཚེ་སུག་གིས་བྲིས་ཀྱང་ཟད་ཐབས་མེད ། །
སྨར་ཚང་སྐྱིད་ཚལ་བསྟན་པའི་འདབ་སྟོང་ལ། །
གདུལ་བྱ་བུང་བས་ཆོས་ཀྱི་སྦྲང་རྩི་འདི ། །
རོལ་བས་སེམས་ཀྱི་གཤོག་སྒྲོ་རབ་རྒྱས་ནས། །
སྟོང་ཉིད་ནམ་མཁའི་དབྱིངས་སུ་ལྡིང་གྱུར་ཅིག །
བདག་ཀྱང་སངས་རྒྱས་ས་རུ་མ་སླེབས་པར། །
བསྟན་པ་འདི་ཡི་དཔུང་གཉེན་སྐྱེ་གྱུར་ནས། །
བཤད་སྒྲུབ་ཉིན་བྱེད་བསྟན་པའི་འོད་རླབས་ཀྱིས། །
སྣོད་ལྡན་སེམས་ཀྱི་པདྨོ་རྒྱས་གྱུར་ཅིག །
ཅེས་རྟེན་འབྲེལ་བཅུ་གཉིས་ཀྱིས་འཁོར་བར་འཁོར་ཚུལ་འདི་ནི་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༡༡་ཕྱི་ཟླ་༢་ཚེས་༡༢་ལ་དབྱིན་ལེན་དུ་བྲིས་པ་འདིས་ཀྱང་སྨར་ཚང་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག།