རྒྱལ་བ་ཡང་དགོན་པའི་རྣམ་ཐར་།

རྒྱལ་བ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན་ལ་ན་མོ།
རྒྱལ་བ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན་མཆོག་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་གསེས་སྨར་སྟོད་རུ་ཤོད་ཀྱི་ཁོངས་སུ་གཏོགས་པའི་གདན་ས་ཆེན་མོ་འདམ་སྟེང་བཀྲ་ཤིས་ཤོ་དགོན་དང་ཉེ་བར། ཟླ་ཆབ་སྔོན་མོ་ལྷུང་ལྷུང་དུ་བཞུད་པའི་ཉེ་འདབས་སུ་སྨར་ཤོད་ཕོ་བྲང་དགའ་སྡེ་སྟེང་བྱ་བའི་གྲོང་ན། ཡབ་དབོན་སྒོམ་དང་ཡུམ་རྒྱ་ཆེན་སྒོམ་ཁྲི་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༡༨༥་ཤིང་མོ་སྦྲུལ་གྱི་ལོར་མེ་ཏོག་གི་སྦྲང་ཆར་བབས་ཤིང་ས་གཡོ་བ་སོགས་བལྟས་བཟང་པོ་དུ་མ་དང་བཅས་གཟུགས་སྐུ་མཚན་དཔེ་གསར་དུ་བཞེད།
རྗེ་འདི་སྐུ་མ་འཁྲུངས་པའི་ལོ་གཅིག་གི་གོང་དུ་གྲུབ་ཆེན་ཉག་རས་སེ་བོ་ཡུལ་དེར་བྱོན་དུས་དབོན་སྒོམ་ཁྱོད་ལ་སོང་ཕོད་བུ་གཅིག་སྐྱེ་བ་ཡོད། བུ་དེ་སྨར་པ་ངེད་གཉིས་ལ་ཕུལ་ན་ཕ་བདེ་གཤེགས་ཁམས་པ་འདྲ་བ་གཅིག་འོངས་གསུངས། །འདིའི་འཕྲོ་མུ་འགོད།



                                   

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།