སྨར་ཚང་བླ་མཆོད་མན་ངག་ཀུན་འདུས་བཞུགས་སོ། །

 
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་གྲུབ་ཐོབ་གོང་མ་རྣམས་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་ལ་མོས་གུས་ཚོགས་མཆོད་དང་སྒོམ་སྒྲུབ་ཉམས་ལེན་ཟུང་འབྲེལ་མཛད་ནས་གྲུབ་པ་ཐོབ་མཁན་ཤ་སྟག་ཡིན་པས་རྗེས་འཇུག་རྣམས་ཀྱིས་བླ་མ་མཆོད་པ་ལ་འབད་པར་བྱེད་པའི་ཚེ་ན། གཙང་ཞིང་ཡིད་དུ་འོང་བའི་གནས་ཁང་གི་མཆོད་ཁྲིའི་སྟེང་དུ་ཆོས་རྗེ་སྨར་པ་སོགས་སྣང་བརྙན་གྱི་མདུན་དུ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་པད་འདབ་བཞིས་བརྒྱན་པའི་དཀར་གཏོར་ཟླུམ་པོ་གསུམ་རེ་དང་ཉེར་སྤྱོད་མཆོད་པ་སོགས་མཆོད་པ་རྒྱས་སྤྲོས་བཤམ་པར་བྱ།  ཁྱད་པར་དུ་ཆོས་རྗེ་དགོངས་རྫོགས་ཉིན་མོར་བླ་མཆོད་ཕུལ་དགོས་པར་ཤིན་ཏུ་གལ་ཆེན་ཡིན། སློབ་དཔོན་མདུན་དུ་ཐོད་སྣོད་ཌ་དྲིལ་དང་འབྲུ་ཕོར་བཅས་བཤམ། དབུ་འཛིན་དང་མདུན་གྲལ་རྣམས་ལ་རྔ་སིལ་དུང་རྒྱ་ཡོད་ན་ཤིན་ཏུ་ལེགས་སོ། ཐོག་མ་བླ་མར་གསོལ་བ་འདེབས་ན་བྱིན་རླབས་མྱུར་བ་ཡིན་པས་བླ་བརྒྱུད་གསོལ་འདེབས་སྔོན་དུ་བྱ། 



 






༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།