མོས་གུས་མཚུངས་མེད་བླ་མ་མཉེས། །གདུལ་བྱ་གྲངས་མེད་མྱ་ངན་བཟླས། །
འགྲོ་མགོན་བླ་མ་ཕྱག་འཚལ་འདུད། །ཡོངས་གྲགས་མཚུངས་མེད་གཤའ་པ་དེར། །
གཉུག་མེད་ངང་ལས་མ་གཡོས་ཀྱང་། །འཛམ་གླིང་སེམས་ཅན་དཔལ་དུ་བྱོན། །
སྐྱེས་ཆེན་དེ་ཡི་རྣམ་ཐར་ལ། །སེམས་དཔའི་ཐུགས་ཀྱིས་དཔོག་དཀའ་ན། །
བདག་འདྲའི་བློ་དམན་སྨོས་ཅི་དགོས། །གུས་པའི་ཤུགས་ཀྱིས་ཆ་ཙམ་འགོད། །
ཤྭཀྱའི་སེངྒེའི་རྣམ་ཐར་བཞིན། །བཅུ་གཉིས་སྒོ་ནས་བྱ་བར་མཛད། །
ཁ་བ་ཅན་ལྗོངས་མདོ་ཁམས་སྒང་། །སྨར་ཁམས་ཞེས་བྱ་ཡོངས་གྲགས་སུ། །
སྨར་གྱི་རུ་ཤོད་ཞིང་པ་ཐང་། །རྐྱང་ཟླ་ན་ཀྲའི་དབུ་མ་ཡིན། །
ཀླུ་རྒྱལ་མི་མགོན་དཀར་པོ་ཡིས། །ཕོ་བྲང་བཏབ་པའི་ས་གཞི་ཡིན། །
མི་རྟ་འཕུར་ཤེས་སྐྱེས་པའི་ཡུལ། །གྲུབ་ཐོབ་དཔག་མེད་བྱོན་པའི་ས། །
སངས་རྒྱས་བསྟན་པ་རྒྱས་པའི་ས། །ཡར་ཆད་དགོན་གྱི་སྡེ་དང་གཅིག །
མར་ཆད་ཀླག་གི་སྡེ་དང་གཉིས། །ལེ་ཀོ་བྲག་དཀར་དགོན་པའི་སྡེ། །
སྡེ་མ་ལག་འཛོམས་པའི་ས་གཞི་ཡིན། །ཟོང་འདོད་དགུ་འབྱུང་བའི་ཚོང་དུས་ཡོད། །
དཔལ་ཡོན་ཏན་འཛོམས་པའི་གྲོང་ཁྱེར་དེ། །ཡབ་འདབ་ཆགས་ཟུང་ཐར་ཞེས་བྱ་དང་། །
ཡུམ་བུ་ཀིར་ཟ་བའི་སྦྲུམ་མ་ལས། །སྲས་ལྔའི་ལྔ་པ་ཆོས་རྗེ་འཁྲུངས། །
ཡབ་ཀྱིས་སངས་རྒྱས་གྲགས་སུ་བཏགས། །ཡུམ་གྱིས་ཨ་གྲགས་ཞེས་ཀྱང་ཟེར། །
སྔོན་གྱི་རྒྱལ་བུ་དོན་གྲུབ་དེ། །སེར་སྐྱའི་གནས་སུ་བཙས་པ་དང་། །
ཆུང་ནས་དམ་ཆོས་བཙལ་སྙིང་འདོད། །ཚོགས་རྫོགས་རིགས་སད་སྐྱེས་བུ་དེ། །
སྐྱེ་བོ་རྣམས་དང་མ་འདྲེས་པ། །ཁྱད་པར་འཕགས་པའི་སྐྱེས་བུ་བྱོན། །
དགུང་ལོ་བཞི་ལྔ་སླེབས་དུས་ཙམ། །མྱེས་པོས་རྟ་འཚོ་ཁྲིད་པའི་སར། །
མྱེས་པོས་གྲོགས་ལ་དྲི་མཛད་པས། །སྨར་པ་ཞེས་པའི་བླ་མ་དེ། །
ངོ་མཚར་སྐྱེས་མཆོག་དམ་པ་ཡོད། །ཆོས་རྗེ་མཁས་པ་ཉིད་དང་མཚུངས། །
གྲྭ་པ་སུམ་ཅུ་རྩ་ཙམ་སྣང་། །ཞེས་པའི་སྙན་ཚིག་བརྗོད་པ་དེ། །
ཁོང་རང་ཉིད་ཀྱིས་གསན་ཙ་ན། །ཡུན་རིང་སྐོམ་པའི་སྐྱེས་བུ་ཡིས། །
ཆུ་ཡི་སྒྲ་ནི་གསན་པ་ལྟར། །དགའ་ཞིང་སྤུ་ལྡང་ངུ་འབོད་བཏབ། །
རབ་ཏུ་མ་བཟོད་སྒང་ཀར་རྒྱུག །མར་ཀི་ནུབ་ཕྱོགས་སྤྲིན་དཀར་གྱི། །
ཞབས་དེར་འགྲོ་མགོན་སྨར་པ་མཆོག །བཞུགས་སམ་སྙམ་པའི་འདུན་པ་བྱུང་། །
འགྲོ་མགོན་བླ་མ་སྨར་པ་དེར། །བསྟེན་ཞིང་བསྙེན་བཀུར་བྱས་བྱས་ནས། །
ད་ལྟ་མཚན་ཙམ་ཐོས་པས་ཀྱང་། །སྐྱེས་བུ་དེ་ལ་ཏིང་འཛིན་འཁྲུངས། །
དེ་ནུབ་མེས་པོས་ཡུམ་ལ་བརྗོད། །ཡུམ་གྱིས་མེས་པོར་འཕྱ་སྨྲོས་བྱས། །
ཡབ་ལ་ལོ་རྒྱུས་ཞིབ་བཤད་པས། །ཡབ་ཆེན་འདབ་ཆགས་ཟུང་ཐར་དང་། །
མཁས་པའི་སློབ་དཔོན་འགའ་ཤས་ལ། །གདམས་ངག་འགའ་རེ་ཞུས་ནས་ཀྱང་། །
དགུང་ལོ་བཅུ་བཞི་ལོན་ཙམ་ན། །བསྐྱེད་རྫོགས་སྐུ་མཚམས་དམ་པོ་ཞིག །
ཉི་ཤུ་རྩ་བཞིའི་བར་དུ་བཞུགས། །ཐུན་མོང་དངོས་གྲུབ་འགའ་ཞིག་ཐོབ། །
གཡོ་དང་རྫུན་མེད་བདེན་པར་སྨྲ། །ལྷ་མི་ཀུན་གྱི་མཆོད་གནས་སུ། །
བསྟོད་བཀུར་བསྔགས་པའི་སྐྱེས་བུ་དེ། །དཔལ་ལྡན་སྟག་སྒོམ་ཆེན་པོ་ལ། །
ཕྱག་འཚལ་ཆེད་དུ་བཞུད་པའི་དུས། །དཔལ་ལྡན་སྟག་སྒོམ་ཞལ་སྔ་ནས། །
ཁྱོད་ཀྱི་བླ་མ་ང་མིན་གྱིས། །འགྲོ་མགོན་མཚུངས་མེད་སྨར་པ་དེ། །
ཁྱོད་ཀྱི་རིགས་ཀྱི་བདག་པོ་ཡིན། །དེར་སོང་ཡོན་ཏན་འཁྲུངས་པ་འོང་། །
ཞེས་པའི་ལུང་བསྟན་གསུངས་པ་ལྟར། །སྨར་པ་མཆོག་ལ་དབང་ཞུས་པས། །
གསང་མཚན་མི་བསྐྱོད་རྡོ་རྗེ་བཏགས། །ཁོང་རང་བཞེད་པ་མ་ལགས་སམ། །
འབུ་ཀིར་ཟ་ཡི་དབང་མོ་དེ། །ཡབ་ཀྱིས་ཇོ་མོའི་ཚུལ་དུ་བཞག །
ཉག་སེ་སྟོན་རིར་བྱོན་པ་ལ། །ཕྱག་རྒྱ་ཆེན་པོ་ཞུས་ནས་ཀྱང་། །
ཡོན་ཏན་དྲག་པོ་མ་སྐྱེས་གསུངས། །དེ་ནས་ཞག་ནི་འགའ་ཞིག་ཙམ། །
རྟ་ཕོ་མོག་སྐྱ་ལ་ཆིབས་ནས། །རི་འོད་སྣ་ལ་ཡར་བྱོན་ཚེ། །
བན་ཆེན་དཔོན་གཡོག་འགའ་མར་བྱོན། །སྨར་པ་བྱ་བ་དེ་ཡིན་ནམ་སྙམ། །
ཕྱག་རྟེན་ཕུལ་བ་དགོངས་པ་དང་། །ཆིབས་པ་ལས་ནི་འབབ་བསམ་ཡང་། །
རྟེན་འབྲེལ་མ་བསྒྲིགས་ལྷུན་གྱིས། །སྨར་པ་དེ་མ་ཐག་པར་མཇལ། །
གཅིག་གཉིས་ཙམ་གྱིས་ལངས་པ་དང་། །ཕྱག་རྟེན་ཕུལ་ལོང་མེད་པའི་ཕྱིར། །
ཕྱག་གིས་ཞེ་སའི་ཚུལ་བྱས་པས། །ཡབ་གཅིག་ཆོས་རྗེ་སྨར་པ་ཡིས། །
ཞེ་ས་ལེན་པའི་ཚུལ་ཞིག་མཛད། །སློབ་དཔོན་སོ་སོར་བཞུགས་ན་ཡང་། །
སྨར་པས་འཁོར་ལ་འདི་སྐད་གསུངས། །དད་མཆོག་སྒོམ་པ་སུ་ལགས་སམ། །
ཞེས་སོགས་འཁོར་ལ་དྲིས་པའི་ཚེ། །འཁོར་གྱིས་ཁོང་ལ་འདི་ལྟར་ཞུས། །
ཞིང་ཐང་སྔགས་པ་ང་རྒྱལ་ཅན། །ཡིན་ནོ་ཞེས་པས་བསྙད་པ་ལ། །
དེ་མཆོག་གསུངས་ནས་ཞལ་འཛུམ་མཛད། །གཤའ་པ་ཞེས་བྱའི་སྐྱེས་བུ་དེ། །
བསྐལ་པ་གྲངས་མེད་སྔོན་རོལ་ནས། །དམ་པ་བསྟན་ཅིང་བླ་མ་བཀུར། །
འདི་ཡང་མཇལ་བ་ཙམ་གྱིས་ནི། །བདེ་བས་ལུས་སེམས་ངོས་བཟུང་མེད། །
ཁོང་རང་ཉིད་ཀྱི་གསུང་ལས་ཀྱང་། །གང་དུ་བསྡད་ཀྱང་གྲང་བ་མེད། །
དྲོད་ཀྱི་ཡེ་ཤེས་བབ་པོ་སྙམ། །ཚེར་ལྕགས་བྲབ་ཀྱང་ཟུག་དང་བྲལ། །
བཟོད་པ་ཆེན་པོ་ལྡན་ནམ་གསུངས། །དེ་ཡང་རང་སེམས་ཉོན་མོངས་ཅན། །
རྩེ་བྲལ་ཉིད་དུ་མ་རྟོགས་ན། །ཆོས་སྐུ་ཡིན་པར་མ་རྟོགས་གསུངས། །
ནུབ་ཅིག་གཉིད་པའི་རྨི་ལམ་དུ། །འགྲོ་མགོན་སྨར་པ་བྱོན་ནས་ཀྱང་། །
ཨ་གྲགས་ཞེས་པའི་མཚན་བཟུང་ནས། །གཉིད་ཞབས་ཆོས་རྣམས་བསྟན་པ་ནི། །
ཕྱག་ཆེན་གནད་ལ་ཐུག་པ་ན། །བསྒོམས་པའི་འབྲས་བུ་དེ་ཡིན་གསུངས། །
དག་སྣང་འགའ་ཞིག་རྨིས་པའི་འཕྲོ། །འོད་གསལ་གཉིད་ནི་སད་པ་དང་། །
གང་ཡིན་ཅི་ཡིན་དགོངས་ན་ཡང་། །བཟང་ངན་གང་ཡིན་ཤན་མ་ཕྱེ། །
ཞག་ནི་འགའ་ཞིག་སོང་བའི་རྗེས། །ཞིང་ཐང་མ་ཡིན་གཞན་ཞིག་ན། །
ཉིན་དང་གཉིད་ལ་སོགས་པ་ཡི། །སྤྱོད་ལམ་རྣམ་བཞི་གང་གིས་ཀྱང་། །
མི་གནོད་སྒྲིབ་པ་མེད་པ་ཡི། །བདེ་ཞིང་གསལ་བའི་ཉམས་ཤིག་བྱུང་། །
ཟག་བཅས་མངོན་ཤེས་འགའ་རེ་བྱུང་། །ཡང་ནི་ཞག་འགའ་རེ་ཙམ་ན། །
བདེ་གསལ་ཏིང་འཛིན་སྐྱེས་ན་ཡང་། །ལྷ་མི་བདེ་འབྲས་མ་རྟོགས་པར། །
བྱང་ཆུབ་ཐོབ་པར་དཀའ་སྙམ་པའི། །ཐུགས་ལ་འདུན་པ་སྐྱེས་ཙ་ན། །
འདམ་སྟེང་དགོན་པར་ཕྱག་འཚལ་ཞུས། །སྒྲོམ་སྐད་རྟིང་པར་ཡར་བྱོན་ནས། །
གྲངས་མེད་བསྐལ་བའི་བླ་མ་དང་། །རྟག་ངུས་ཆོས་འཕགས་རྣམ་ཐར་བཞིན། །
གཉིས་སུ་མེད་པའི་ཞལ་ཡང་མཇལ། །ཕྱག་འཚལ་ཞུ་རྒྱུ་འགའ་ཡོད་ཀྱང་། །
སྐད་གསལ་མི་ཐོན་ཙམ་ཞུས་པས། །འགྲོ་མགོན་ཆོས་རྗེ་སྨར་པ་དེས། །
བཀའ་གསལ་ལོ་རྒྱུས་འདི་ལྟར་གསུངས། །སྐད་མི་ཐོན་མི་དགོས་སྒྲོམ་པ་ཁྱོད། །
ཁྱོད་གང་འདོད་འདི་ན་གསོལ་བར་ཐོབ། །འོ་སྐོལ་སྐྱེ་བ་ལྔ་བརྒྱ་དཔོན་སློབ་ཡིན། །
ཁྱོད་རྒྱུད་ང་ཡིས་བྱིན་གྱིས་རླབས་པ་ཡིན། །ཞག་ནི་དྲུག་ཅུ་རྩ་བདུན་ལོན་པའི་དུས། །
གཉིད་ཞབས་དག་ཏུ་ཁྱོད་ལ་ཆོས་བསྟན་པའི། །ཨེ་ཚོར་ཡོན་ཏན་ཅི་ལྟར་བྱུང་བར་ལྟོས། །
ཞེས་སོགས་གསུང་གིས་ལུང་ཡང་བསྟན། །གང་གིས་རྨི་ལམ་ལ་སོགས་པ། །
སྤྱན་སྔར་ཞིབ་ཕྲ་ཞུས་ཙམ་ན། །ཁོང་གིས་ཞལ་ནས་འདི་ལྟར་གསུངས། །
དཔོན་སློབ་ཞལ་ཡང་མ་འདྲེས་ཤིང་། །གཅིག་ངོ་གཅིག་གིས་མི་ཤེས་པར། །
ཕྱག་རྒྱ་ཆེན་པོ་སྒོམ་བཏབ་པའི། །ང་ནི་འབུ་མིན་ཅང་ཤེས་སམ། །
དག་པར་བྱུང་ངམ་སྐྱེས་བུའི་མཆོག །ང་རང་གིས་ཆེ་མི་འབྱིན་ཡིན། །
ཤིན་ཏུ་དཀའ་བོ་ངོ་མཚར་ཆེ། །ཞེས་སོགས་བཀའ་གསལ་མང་དུ་གསུངས། །
དེ་ནས་ཡིག་བརྒྱ་མ་གཏོགས་པ། །གདམས་ངག་ཕལ་ཆེར་རྫོགས་པར་མཛད། །
ཡང་ནི་ཐུགས་ཀྱི་དགོངས་པ་ལ། །རྒྱ་གར་ཡུལ་དུ་འགྲོ་དགོས་བསམ། །
ཆོས་རྗེ་སྨར་པའི་ཞལ་སྔ་ནས། །རྒྱ་གར་ཡུལ་དུ་མ་བཞུད་པར། །
ཞིང་ཐང་སོང་ལ་སྒྲུབ་པ་གྱིས། །ཞེས་པའི་བཀའ་ལུང་གསལ་བར་གསུངས། །
བླ་མའི་བཀའ་གསུང་བསྒྲུབ་པའི་ཕྱིར། །ཞིང་ཐང་ཟླ་གསུམ་སྐུ་མཚམས་བསྡམས། །
གསང་བ་སྔགས་ཀྱི་སྤྱོད་པ་དང་། །རྒྱལ་བུ་གཞོན་ནུའི་སྤྱོད་པ་ལྟར། །
ཚུལ་བཞིན་སྒྲུབ་པར་ནན་ཏན་མཛད། །ཅི་ཞིག་ལྡང་ན་རང་གི་སེམས། །
རྩ་བྲལ་ཉིད་དུ་ལྷན་གྱིས་རྟོགས། །སྐྱེ་འཆི་མེད་པར་ཕུགས་ཐག་ཆོད། །
གནས་ལུགས་རྟོགས་པའི་ལྡིང་དང་ལྡན། །མཇལ་ལུང་ཞིག་ཀྱང་དེ་རུ་མཛད། །
ཡང་ནི་བླ་མའི་སྤྱན་སྔར་བཞུད། །དགོན་ན་བཞུད་ནས་ཕྱག་གསུམ་འཚལ། །
ཆོས་རྗེ་སྨར་པའི་ཞལ་སྔ་ནས། །ཐུབ་པ་ཆེན་པོས་བསྒོམས་བསྒོམས་ནས། །
གང་ཡང་གཏད་མེད་གཟིགས་ཙམ་ན། །སྒོམ་པའི་ཞིང་ས་བརྙེས་པ་ཡིན། །
བུ་ཁྱོད་བདུད་རྩི་མ་འཕོས་པར། །འདི་རུ་བྱོན་པར་ངོ་མཚར་ཆེ། །
ང་ལ་ཡོན་ཏན་མེད་ན་ཡང་། །ཁྱོད་ལ་ནོར་བཟང་མོས་གུས་ཡོད། །
དཔོན་སློབ་མཇལ་བ་ངོ་མཚར་ཆེ། །གཞན་ཕན་ཆེན་པོ་ཁྱོད་ལ་འབྱུང་། །
རྟོགས་ལྡན་ང་ཡི་སློབ་མ་ལས། །ཁྱོད་ཀྱི་སློབ་མ་མང་བ་འོང་། །
ཞེས་པའི་བཀའ་ལུང་གསལ་བར་གསུངས། །ནོར་བཟང་བྱམས་པའི་ལོ་རྒྱུས་བཞིན། །
མོས་པ་ཡང་རབ་བླ་མ་མཉེས། །དེ་ནས་སྤྱན་སྔར་ཞུས་པའི་ཚེ། །
ཁྱེད་གསུང་གཏོར་བར་མི་བྱེད་པས། །ནང་པའི་སེར་མོ་བྱ་བའི་ཆེད། །
ང་ཡང་རབ་བྱུང་གནང་བར་ཞུས། །སྨར་པ་ཉིད་ཀྱིས་ཞལ་སྔར་ནས། །
རབ་བྱུང་ང་ཡང་ལྟ་མི་དགོས། །ཁྱེད་ཀྱི་ཇོ་མོ་དེ་ལ་ཡང་། །
སྲས་ཞིག་བལྟམ་པ་འོང་བ་དེ། །ལོ་ལྔ་མ་ལོན་བར་དུ་ནི། །
སེར་མོ་གོས་ནི་གྱོན་མི་དགོས་། །ཁྱོད་ཀྱི་ཇོ་སྲས་དེ་ཡང་ནི། །
འགྲོ་བ་གཞན་ལ་ཕན་ཞེས་གསུངས། །ཡང་ནི་སྤྱན་སྔ་ཡར་ཞུས་པས། །
མ་མཁར་ཞེན་པ་མེད་ཅེས་ཞུས། །ང་བན་རྒན་རྫུན་ནི་གར་ལབ་པས། །
ཅིས་ཀྱང་སྲས་ཞིག་བལྟམ་པར་འོང་། །འཕྱེས་ཙམ་དེ་ལྟར་དངོས་སུ་བྱུང་། །
ཀུན་རྫོབ་ཡི་གེའི་ཆོས་རྣམས་ཀྱང་། །མ་ལུས་ཐམས་ཅད་ཐུགས་ཀྱིས་མཁྱེན། །
ཡང་ནི་དུས་སྐབས་ཤིག་ཙམ་ན། །དགོན་པ་ནང་ན་ཡར་བཞུད་ཙམ། །
འགྲོ་མགོན་ཆོས་རྗེ་སྨར་པ་དེ། །འཁོར་ལོ་སྡོམ་པ་ཉིད་དུ་མཐོང་། །
གཞན་ཡང་དག་སྣང་དཔག་མེད་བྱུང་། །ཁོང་རང་ཉིད་ཀྱང་བདེ་མཆོག་ཉིད། །
ཡབ་ཡུམ་གཉིས་སུ་སྣང་བར་བྱུང་། །དེ་ཡི་ཉིན་པ་ཕྱིན་ཆོད་ནས། །
བྲམ་ཟེ་ཆེན་པོའི་རྣམ་ཐར་བཞིན། །ཡོན་ཏན་མ་ལུས་ཐམས་ཅད་ཀྱང་། །
ཆུ་ནི་ཆུ་ལ་བཞག་པ་དང་། །མར་ལ་མར་ནི་བཞག་པ་ལྟར། །
གཉིས་མེད་མཐར་ཐུག་ལྷན་གྱིས་སོང་། །སྐྱེ་བ་མང་པོ་དྲན་པ་དང་། །
ཟག་མེད་མངོན་ཤེས་མང་པོ་བྱུང་། །འདམ་སྟེང་དཔལ་གྱི་དགོན་པ་དེར། །
ཕྱག་རྒྱ་ཆེ་ལ་རྩོད་མེད་གྱུར། །དེ་ལྟར་ལོ་གསུམ་བླ་མ་བསྟེན། །
དེ་ནས་ཆོས་རྗེ་དབྱིངས་སུ་ཡལ། །ཡང་ནི་དུས་སྐབས་ཤིག་ཙམ་ན། །
བྱ་རོག་མིང་ཅན་དཔོན་གཡོག་ནི། །ཇི་ལྟ་བ་བཞིན་ཞལ་གཟིགས་ནས། །
སྲོག་སྙིང་དངོས་གྲུབ་ཚུལ་བཞིན་ཕུལ། །སྒྲུབ་ཐབས་གཉིས་ཀྱང་མཛད་པ་ནི། །
རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ངེས་པ་གཙོ་བོའི་སྒྲུབ་ཐབས་དང་། །
བདེ་མཆོག་བླ་མ་བཅས་པ་དང་། །ནག་པོ་ཆེན་པོ་ལ་བཏུས་ནས། །
ལས་མགོན་ལག་ལེན་ཅུང་ཞིག་བྲིས། །ཞེས་པ་འཁོར་གྱིས་སྒྲུབ་ཐབས་མཛད། །
དེ་ནས་ཐུགས་ཀྱི་དགོངས་པ་ལ། །ཆོས་རྗེ་མྱ་ངན་འདས་ཟིན་པས། །
རི་ལ་བསྒྲུབ་པར་བྱ་དགོས་སྙམ། །ཡང་ནི་ཞལ་ནས་འདི་སྐད་གསུངས། །
འགྲོ་མགོན་ཤྭཀྱ་སེངྒེ་ཡིས། །ཝའི་མཐའི་ནགས་སུ་གཅིག་པུར་ལ། །
བཞུགས་ནས་ཆོས་ཀྱི་བསྒྲུབས་མཛད་པས། །འགྲོ་དྲུག་ངན་གསུམ་བཞུད་ཚེ་ཀུན། །
འཁོར་བའི་གནས་ལས་སྒྲོལ་བར་མཛད། །འགྲོ་མགོན་ཆོས་རྗེ་སྨར་པ་ཡིས། །
འདུལ་ཁྲིམས་གཉིས་བརྒྱ་ལྔ་བཅུ་ལ། །མིག་འབྲས་བཞིན་དུ་བསྲུངས་པར་དང་། །
འགྲོ་དྲུག་བདེ་ལ་བཀོད་པར་མཛད། །མི་ངན་སྤྲང་པོ་ཁོ་བོ་ཡང་། །
ཝའི་མཐའི་ནགས་སུ་བསྡད་ན་སྙམ། །ཞེས་པའི་གྲོགས་ལ་གསུངས་པ་དང་། །
ལ་སྟོན་མཚོ་མདོའི་ཞལ་སྔ་ནས། །ཚངས་སྤྱོད་དགེ་བསྙེན་སྡོམ་པ་བླངས། །
དེ་ནས་དུས་སྐབས་གཅིག་གི་ཚེ། །མཆོད་གྲོགས་གོང་མ་བསྡུས་ནས་ཀྱང་། །
ཚོགས་རྫས་རྒྱ་ཆེན་རྟེན་འབྲེལ་བསྒྲིགས། །ཚོགས་ཀྱི་འཁོར་ལོ་ལེགས་པར་བསྐོར། །
རྟིང་པ་ཐབས་སུ་འདི་སྐད་གསུངས། །རྗེ་བཙུན་མར་པའི་ཞལ་སྔ་ནས། །
ཁྱེད་མཆོད་ལྕེབ་ཤུལ་ན་མཆིས་དང་། །ང་བན་ཆུང་བོད་དུ་འཁྱམ་པ་གཉིས། །
ཚེ་འདི་ལ་མཇལ་བ་མ་མཆིས་ཀྱང་། །དཔལ་ཨུ་རྒྱན་གནས་སམ་མཁའ་སྤྱོད་དུ། །
ཚེ་ཕྱི་མ་ཅིས་ཀྱང་མཇལ་བར་ཞུ། །ང་བན་ཆུང་བོད་དུ་འཁྱམ་པ་ལ། །
རྐྱེན་བར་ཆད་མེད་པའི་བྱིན་རླབས་ཞུ། །གསུངས་པ་ལྟ་བུ་ཡིན་པས་ན། །
ཆོས་རྗེ་ཆེན་པོ་མྱ་ངན་འདས། །འོ་སྐོལ་བུ་སློབ་ཐམས་ཅད་ཀྱང་། །
སོ་སོ་བསྒྲུབ་པར་བྱེད་རན་པས། །ཚེ་ལ་ཨེ་མཇལ་ཅི་ཆ་བས། །
ཁྱེད་རྣམས་མགུར་རེ་མཛད་པར་ཞུ། །ཞེས་གསུངས་ནམ་གྱི་ཆ་སྨད་ལ། །
ཉེ་གནས་བྱང་ཡེ་སྐུ་མཆེད་ཀྱིས། །ཞབས་ཏོག་མཛད་ནས་བཞུད་ན་ཡང་། །
མི་བརྗེད་གཟུངས་མཆོག་ཐོབ་པའི་ཕྱིར། །དཔེ་ཡིག་ཅིག་ཀྱང་བསྣམ་པ་མེད། །
དེ་ནས་ལབ་ཕུག་སླེབས་ཙམ་ན། །དཀར་ཕྱོགས་གཞི་བདག་ཐམས་ཅད་ཀྱིས། །
དམག་ཆེན་བསྡུས་ནས་ཤོལ་བཏབ་ཀྱང་། །རྟེན་འབྲེལ་མཛད་པས་ཁོང་རྣམས་བཟློག །
བསུ་གཡག་དག་ལ་ཤུལ་ཕྱུང་ནས། །སྟག་ཏུ་ལ་གོང་གཤའ་ན་བྱོན། །
ཆོས་རྗེ་གོང་མའི་ལུང་བསྟན་དང་། །གསེར་བྲག་ཐོག་པའི་བླ་མཆོད་མཛད། །
ཡོན་མཆོད་ཁ་ཤས་རབ་ཏུ་བྱུང་། །སྟོན་ཚུལ་དག་ལས་རབ་བྱུང་བས། །
དགེ་ཚུལ་མཚན་ནི་ཤེས་རབ་གྲགས། །གཅིག་པུ་སྒྲུབ་པ་ཚུལ་བཞིན་མཛད། །
བཟའ་དང་བཅའ་བ་སྙུམ་རྣམས་ལ། །ལོ་བཞིའི་བར་དུ་དབེན་པར་བཞུགས། །
མི་ལ་ཆེན་པོའི་རྣམ་ཐར་བཞིན། །དཀའ་བ་དུ་མས་ཚུལ་བཞིན་མཛད། །
ལོ་བཞི་ཕྱིན་ཆད་དག་ལ་ནི། །གྲྭ་པ་འབུལ་མཁན་དཔག་མེད་བྱུང་། །
གཞན་ཕན་རྣམ་ཐར་ཁྱད་འཕགས་མཛད། །རྒྱལ་སྲས་དཔག་མེད་འདུས་ན་ཡང་། །
ཡིག་ནག་མགོ་སྐོར་མི་བཤད་པར། །ཉམས་མྱོང་ལན་ཚ་ངོ་མཚར་འདྲེན། །
ཐ་སྙད་འཇའ་ཚོན་ཁ་དོག་ལ། །སྙིང་མེད་བྱིས་པ་གཡེང་དུ་བཞུད། །
བདེ་གསལ་སྤྲིན་གྱི་ཁ་ཆུ་དེ། །ཡུན་རིང་ནད་པས་འཐུང་མི་བྱ། །
ཚིག་ཚོགས་ཚོང་དུས་འོ་མ་དེ། །འཐུང་འདོད་བསྒོམ་ལ་ཞུགས་མི་བྱ། །
དཔོན་སློབ་སྒྱུ་མའི་རྣམ་འཕྲུལ་དང་། །བྱེ་བྲག་ཆོ་འཕྲུལ་བསམ་མི་ཁྱབ། །
ཟང་ཟིང་ལོངས་སྤྱོད་དཔག་མེད་ཀྱང་། །སྤུ་ཙམ་དོན་དུ་མི་གཉེར་ཡང་། །
ལྷུན་འགྲུབ་ཆར་བ་འབབ་པ་ལ། །གདམས་པ་གཉིས་སུ་འབུལ་བ་དང་། །
དགེ་བཀུར་ཕྱོགས་མེད་སྐྱོང་བ་དང་། །དཀོན་མཆོག་གསུམ་ལ་མཆོད་པར་མཛད། །
ཆོས་རྗེ་སྨར་པའི་འདས་མཆོད་ལ། །ལོ་རེ་སྤོང་དག་རེ་རེ་མཛད། །
ཆོས་ཚུལ་ཁོ་ན་མ་གཏོག་པར། །འཇིག་རྟེན་བྱ་བ་སྤུ་ཙམ་མིེད། །
གོང་མའི་རྣམ་ཐར་ཁོ་ན་སྐྱོང་། །སྐུ་མཚམས་ཉིན་མཚན་དབྱར་མེད་བཞུགས། །
ཕན་ཚུན་གདན་འདྲེན་ཞུས་པའི་ཚེ། །གཤའ་མདའ་ཡན་ཆད་བྱོན་མི་མཛད། །
མི་རོར་གཅོད་གཏོང་མི་བཞད་ཞིང་། །དགོན་ཆུང་ནང་དུ་ག་ལ་ཕེབས། །
མདོ་རྒྱུད་གཞུང་ལ་དཔང་གཙུགས་པས། །ལུང་དང་རྟོགས་པ་ཁོང་དུ་ཆུད། །
རབ་འབྱམས་བཀའ་དང་མཐུན་པ་ཡི། །གོང་མའི་བསྟོད་པ་མཆོད་བརྗོད་དང་། །
གསོལ་འདེབས་བསྔོ་བ་སྨོན་ལམ་དང་། །བསྟན་ལ་རིམ་པར་འཇུག་པ་ཡིས། །
བཀའ་བརྒྱུད་ཕྱག་རྒྱ་ཆེན་པོ་ལ། །རྣལ་འབྱོར་བཞི་རྫོགས་གསལ་བར་བྱེད། །
བསྔོ་བ་སྨོན་ལམ་གསེར་གྱི་ཐིགས། །ཟབ་པ་མཐར་ཕྱིན་གཞལ་ཡས་ནི། །
དུག་གསུམ་ལམ་ཁྱེར་ཉམས་རྟོགས་དབྱིངས། །སྤྲིངས་ཡིག་བསྟན་ཆོས་ལེགས་མོད་ཀྱང་། །
གདུལ་བྱའི་ངོ་ལ་དཔག་མེད་པའི། །གཞན་དུ་རྒྱས་པ་གསལ་བར་ལྟོས། །
ཕྱོགས་བཅུར་བཞུགས་པའི་སྒོམ་ཆེན་ཀུན། །གེགས་སེལ་འགའ་བསྒྱུར་བོག་འདོད་དང་། །
མ་སྨིན་པ་རྣམས་སྨིན་པར་དང་། །སྨིན་པ་མཐར་ཕྱིན་མཛད་པ་ཡིན། །
ཅིག་ཅར་བ་ཡི་སྨན་ཆེན་དེ། །རིམ་གྱིས་པ་ལ་འཐུང་མི་བཅུག །
རིམ་གྱིིས་པ་ཡི་སྨན་ཆེན་དེ། །ཅིག་ཅར་བ་ལ་སྟོན་མི་མཛད། །
ད་ནི་གླང་ལོའི་མཆོད་རྟིང་ན། །ཆོས་རྗེ་སྐུ་ཁམས་སྙུང་བའི་ཚེ། །
སུམ་ཅུ་རྩ་གསུམ་གནས་ཡུལ་ནས། །ལྷ་ཡི་ཡུལ་ལ་གདན་འདྲེན་ཕྱིར། །
མི་ཡི་གོས་ཀྱི་མི་མཚན་པའི། །ཡ་མཚན་དཔག་མེད་ལྷ་ཡི་གོས། །
དཔག་མེད་ཁོ་བོའི་གྱོན་རྒྱུར་འོང་། །ཕྱི་འོང་ན་བཟའ་ཡ་མཚན་ཆེ། །
རས་ལ་སོགས་པ་འགའ་ཤས་ལ། །བསྟན་ན་འཐད་དམ་བྱས་པ་ལ། །
ཁོང་རྣམས་མི་དགྱེས་སྣང་བ་ན། །སུ་ལ་ལྟོས་པ་མ་བྱས་པར། །
ཞུ་བ་ནན་ཏན་ཆེན་པོ་ཡིས། །སུམ་ཅུ་རྩ་གསུམ་ཕྱིན་ནས་ཀྱང་། །
ཆོས་ཀྱི་ཁོང་རྣམས་ཚིམ་པར་བྱས། །དེ་ནས་ཐུགས་ཀྱི་དགོངས་པ་ནི། །
འཛམ་གླིང་གཤའ་ཡི་ཤུ་ར་ན། །ཁོང་རྣམས་སྐུ་ཁམས་བདེ་ནས་འདུག །
དགོངས་ནས་སྐད་ཅིག་ཙམ་གྱིས་ནི། །ཁོ་བོ་འདི་རུ་ཕྱིན་ཙམ་ན། །
ཉེ་གནས་སུས་ཀྱང་མ་མཐོང་བར། །དལ་གཅིག་སྟན་ལ་བཞུགས་པ་ན། །
དེ་ནས་སྐུ་ཁམས་མྱུར་དུ་བཟང་། །སློབ་དཔོན་རས་པར་འདི་སྐད་དུ། །
ངས་ཀྱང་སྤྱན་སྔ་ཉིད་ལ་ནི། །གསུང་གླེང་ཞིབ་ཕྲ་ཞུས་ཙ་ན། །
བཀའ་བཀྱོན་ཆེ་བར་མ་མཛད་པར། །ཁྱོད་རང་སྣང་བར་བྱ་ཞེས་གསུངས། །
དེ་ནས་ཉིན་ཞིག་འགའ་ཙམ་ན། །དགེ་བའི་གཟུགས་ཞིག་ཕྱག་འཚལ་ཕྱིར། །
གླུ་ཞིག་བླངས་ནས་མོ་རང་སོང་། །ཆོས་རྗེ་ཉིད་ཀྱི་ཞལ་སྔ་ནས། །
དེ་རིང་ཕྱིན་པའི་དགེ་མ་དེ། །དབྱིངས་ཕྱུག་མཁའ་འགྲོ་ཡིན་པར་འདུག །
འདི་དང་གླུ་ཤག་འགྱེད་པ་ན། །ཁོ་བོ་བན་དགེ་མ་ལགས་པས། །
ཁྱེད་རྣམས་སུས་ཀྱང་མི་ཐོབ་པའི། །ཁོ་བོས་མོ་རང་ཆོས་སྐུ་དབྱིངས། །
དགེ་མ་གཤེགས་པ་ཡིན་ནམ་སྙམ། །དེ་ལྟར་རྨོངས་དད་མི་སྐྱེ་བས། །
སྐྱེས་རབ་སྐུ་ལུས་བཀོད་པ་ནི། །བདེ་དགྱེས་ཉིད་དུ་མཐོང་བ་དང་། །
རིག་ལྔའི་ཁ་དོག་མཐོང་བ་དང་། །ཐུན་མོང་དངོས་གྲུབ་མངོན་ཤེས་དང་། །
ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན། །རྗེ་བཙུན་མ་རུ་མཐོང་བ་དང་། །
སློབ་མ་འགའ་ཤས་སྣང་བ་ལ། །ནམ་མཁའ་འཇའ་ཡི་དཀྱིལ་འཁོར་དུ། །
བཅོམ་ལྡན་རྣམ་སྣང་གཟིགས་པ་དང་། །སེང་ཁྲི་པད་ཟླའི་གདན་སྟེང་དུ། །
བཅོམ་ལྡན་གསང་བདག་གཟིགས་པ་དང་། །ནམ་མཁའི་དཀྱིལ་འཁོར་འཇའ་གུར་རུ། །
རིག་ལྔའི་ཁ་དོག་མཐོང་བ་དང་། །སྐྱེ་མདངས་ཁ་བའི་དཀྱིལ་འཁོར་དེར། །
ཉི་མའི་གུར་ཆུང་ཕྲ་ནང་དུ། །བདག་ཉིད་ཆེན་པོ་བཞུགས་པ་དང་། །
ནམ་མཁའི་བྱ་ལ་སྒོམ་འདེབས་དང་། །རི་བཀྲ་ལ་སོགས་གཞི་བདག་དང་། །
རིགས་བཞིའི་ཀླུ་ལ་ཆོས་བཤད་མཛད། །མདོ་གང་སྨན་ཆུའི་གཉིས་བདག་གིས། །
ཡོན་བདག་བྱས་པ་ལ་སོགས་པ། །བརྗོད་ལས་འདས་པའི་འབྲི་མི་ལོངས། །
ཉིན་གཅིག་སྤང་སྒང་འདི་སྐད་གསུངས། །བཀའ་བརྒྱུད་འདི་ཡི་གཞུང་ཤིང་ལ། །
མི་སྟོན་ཁ་མེད་གནད་ཡོད་པས། །རྗེ་བཙུན་ཏེ་ལོ་མན་ཆད་ནས། །
འགྲོ་མགོན་སྨར་པ་ཡན་ཆད་ལ། །གོང་མས་རིམ་གྱིས་ལུང་བསྟན་བཞིན། །
ང་ལ་ཆོས་རྗེའི་ལུང་བསྟན་ཡོད། །ང་ཡི་སློབ་མ་རྒྱུད་འཛིན་ཡང་། །
རིམ་བཞིན་ལྔ་ནི་འབྱུང་བ་ལ། །གསུམ་སྟེ་པཎྜི་ཏ་རུ་བྱོན། །
གཉིས་ནི་སྤྱོད་པ་བག་རྩིང་ཙམ། །རྣལ་འབྱོར་པ་རུ་འོང་བ་ཡིན། །
དེ་ནས་བརྒྱུད་པ་ཆད་པ་མིན། །ཞེས་སོགས་གོང་མའི་ལོ་རྒྱུས་དང་། །
དཔག་ཏུ་མེད་པ་གསུངས་ནས་ཀྱང་། །ཡི་གེ་མང་བས་འདིར་མ་བཀོད། །
དེ་ཡང་འགྲོ་མགོན་གཤའ་པ་དེ། །དགུང་ལོ་བཅུ་བཞིར་བསྐྱེད་རིམ་མཛད། །
ཉི་ཤུ་བདུན་ལ་རྗེ་དང་མཇལ། །དགུང་ལོ་གསུམ་ལ་ཆོས་རྗེ་བསྟན། །
སུམ་ཅུ་རྩ་གསུམ་གཤའ་ན་བྱོན། །གཤའ་ན་ཉི་ཤུ་རྩ་བཞི་བཞུགས།
ལྔ་བཅུ་རྩ་བདུན་མྱ་ངན་འདས། །ཡང་ནི་གླང་ལོའི་ཉིན་གཅིག་ལ། །
འཇག་སྤྱི་ལྟག་ན་ཡབ་སྲས་གཉིས། །བཞུགས་པའི་སྤྱན་སྔ་བདག་ཀྱང་ཕྱིན། །
གསུང་ཆོས་ཐམས་ཅད་དེ་ནས་བཞག །ཕྱག་ཞབས་སེན་མོ་འཕྲུག་ཅིག་ནི། །
ཕྱག་རྟེན་གྱིས་གསུངས་བདག་ལ་གནང་། །ཁྱེད་རང་ཚང་མ་ཕྱིར་སོང་ལ། །
དེ་རིང་དུས་བཟང་ཁྱད་པར་ཅན། །བདག་གིས་ཇ་མར་དེ་ལྟར་བསྒོས། །
ཡང་ན་བླ་བྱེད་ཁོང་རང་འབྱོན། །འདོད་ཡོན་ལྔ་ཡི་ཆར་པ་ནི། །
ནམ་མཁའི་ཁམས་ནས་འབབ་པར་མཐོང་། །སློབ་དཔོན་རས་པའི་ཞལ་ནས་ཀྱང་། །
དེ་རིང་འདོད་ཡོན་ཆར་པ་འདི། །ཆོས་རྗེ་འདས་པའི་རྟེན་འབྲེལ་ཡིན། །
སང་བར་ཁྱོད་ཀྱིས་ཤེས་སམ་གསུངས། །བདག་གིས་མ་འཚལ་ཞེས་ཀྱང་ཞུས། །
ཡང་ན་སྟེང་དུ་ཉིན་གཅིག་ལ། །ང་རང་ལམ་དུ་འགྲོ་བའི་ཚེ། །
ལན་གཅིག་འགོག་པའི་སྙོམ་འཇུག་སོགས། །ལྟ་བའི་དྲི་མ་ཀུན་གྲོལ་བའི། །
མྱ་ངན་འདས་པའི་བདག་ཉིད་བརྙེས། །ཁྱོད་སྐུ་རྟག་ཏུ་ཡིད་བཞིན་ནོར། །
གསུང་གི་ཆོས་འཁོར་ཀུན་ཁྱབ་པའི། །དགོངས་པ་ཞི་བ་ཆོས་ཀྱི་སྐུ། །
དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །འཁོར་འདས་རོ་གཅིག་བདེ་བ་ཆེ། །
མི་འགྱུར་མི་ཤིག་རྡོ་རྗེའི་སྐུ། །བསམ་མི་ཁྱབ་པའི་རྣམ་འཕྲུལ་གྱུར། །
མི་ཟད་རྒྱན་གྱི་འཁོར་ལོ་མཛོད་གྱུར་པའི། །དེ་ལྟར་དམིགས་མེད་ཐུགས་རྗེ་ལས་བྱུང་བའི། །
མི་གནས་མྱ་ངན་འདས་པ་བརྙེས་པའི་སྐུ། །བསྙན་པའི་བ་དན་ཕྱོགས་བཅུར་རབ་གྲགས་པའི། །
ངོ་མཚར་མཛད་པ་བཅུ་གཉིས་རྫོགས་པ་ཡིན། །མཚུངས་མེད་ཆོས་ཀྱི་རྒྱལ་པོའི་ཡོན་ཏན་ལས། །
རྟོགས་པ་ཐོབ་པའིི་རྒྱལ་སྲས་དཔག་མེད་པས། །མཛད་པ་རྣམ་ཐར་གཅིག་ཏུ་གཞལ་དཀའ་ཡང་། །
རང་ཉིད་དྲན་པ་གསོ་ཕྱིར་ངས་འདི་བྲིས། །ཕྱོགས་བཞིའི་མི་ཆེན་ཆོས་ཀྱི་འགྲོགས་མཆེད་དང་། །
རང་གི་སློབ་མས་ཡང་ཡང་བསྐུལ་བའི་ངོར། །རྣམ་དག་ལུང་དང་རྟོགས་པའི་སྲད་བུ་ལས། །
རྣམ་ཐར་ནོར་བུ་མཛེས་པའི་ཕྲེང་འདི་བཀོད། །དེ་ལས་བྱུང་བའི་བསོད་ནམས་གང་ཐོབ་པ། །
རྣམ་པར་དཀར་བས་བདག་གཞན་འགྲོ་བ་རྣམས། །ཀུན་ཀྱང་བླ་མེད་ཆོས་ཀྱི་རྒྱན་གྱུར་ཏེ། །
འགྲོ་མགོན་བླ་མ་བཞིན་དུ་རྒྱལ་གྱུར་ཅིག །དོན་ལ་བརྣག་པ་རྣམས་ཀྱི་སྤྱན་ལམ་དུ། །
ཟབ་ཅིང་རྒྱ་ཆེ་བདུད་རྩི་འབྱུང་བའི་ཆོས། །གཞུང་གི་གསལ་བྱེད་དབང་པོ་རྡོ་རྗེ་སྟེ། །
ཚིགས་སུ་བཅད་པ་བརྒྱ་དང་རྩ་བརྒྱད་མཆིས། །ཞེས་སྨར་ཚང་བཀའ་བརྒྱུད་ཀྱི་གྲུབ་ཆེན་གཤའ་པ་ཤེས་རབ་གྲགས་པའི་རྟོགས་བརྗོད་འདི་སི་ཁྲོན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་སྨར་ཚང་གདན་རབས་ཕྱོགས་བསྒྲིགས་ནང་དུ་ཁ་བྱང་གསལ་པོ་མེད་པར་དང་རྡ་སར་བོད་གཞུང་དཔེ་མཛོད་ཁང་དུ་བཞུགས་པའི་རྟོགས་བརྗོད་བྲིས་མ་གཉིས་པོ་གོ་བསྟུན་དུས་ཚིག་སྦྱོར་རེ་གཉིས་ཙམ་ལས་གཞུང་ཁོག་ཕར་ཕྱིན་འདྲ་བོ་འདུག་ཀྱང་མ་དཔེ་གཉིས་ཀའི་ནང་དུ་འགོ་བྱང་དང་མཇུག་བྱང་མི་གསལ་བར་གྱུར་བས།
གྲུབ་ཆེན་གཤའ་པ་འདི་སྐུ་བྱིས་དུས་ཡབ་ཀྱིས་སངས་རྒྱས་གྲགས་པ་ཞེས་མཚན་གསོལ་ཞིང་རེ་ཞིག་སྐུ་ན་སོན་དུས་བཙུན་མོ་བཞེས་ནས་སྔགས་འཆང་ཚུལ་དུ་བཞུགས་པ་དང་།
ཆོས་རྗེ་སྨར་པ་རིན་པོ་ཆེའི་ཞབས་ལ་གཏུགས་ནས་སྨར་ཚང་ཕྱག་ཆེན་གྱི་གདམས་ངག་གི་སྦྲང་རྩིར་རོལ་བས་ཉམས་རྟོགས་ཀྱི་གཤོག་སྒྲོ་རྒྱས་ཤིང་སྟོན་ཚུལ་ལས་རབ་ཏུ་བྱུང་བའི་མཚན་ཤེས་རབ་གྲགས་པ་ཞེས་གསོལ་བ་དང་སྨར་ཁམས་རུ་ཤོད་ཕྱོགས་སུ་གཤའ་ན་ཟེར་བའི་གནས་རི་ཞིག་ལ་ཡུན་རིང་སྒོམ་སྒྲུབ་མཛད་ནས་བཞུགས་པའི་གནས་མིང་གང་ཟག་ལ་ཐོགས་ནས་ཡོངས་གྲགས་སུ་གྲུབ་ཆེན་གཤའ་པ་ཞུས་ཚུལ་གསལ་འདུག་པས་རྟོགས་བརྗོད་འདིའི་འགོ་བྱང་ལ་གྲུབ་ཆེན་གཤའ་པ་ཤེས་རབ་གྲགས་པའི་རྟོག་བརྗོད་ཅེས་བཏགས་ཡོད།
ཆོས་རྗེ་སྨར་པ་མཆོག་གིས་གྲུབ་ཆེན་གཤའ་པའི་སློབ་མ་གྲགས་ཆེན་ལྔ་བྱོན་པའི་ནང་ནས་གསུམ་པཎྜི་ཏ་དང་གཉིས་རྣལ་འབྱོར་པ་བྱོན་ལུང་བསྟན་མཛད།
དེ་ནས་བཟུང་སྐྱེས་མཆོག་རྣམས་ཀྱི་བུ་སློབ་དང་ཡང་སློབ་ཀྱིས་བསྟན་པའི་བརྒྱུད་པ་བར་མ་ཆད་པར་བསྐྱང་བའི་དུས་འོང་ཞེས་ལུང་བསྟན་པ་སོགས་མཛད་སྤྱོད་ངོ་མཚར་ཅན་མང་དུ་མངའ་བའི་རྟོགས་བརྗོད་འདིའི་ནང་དུ་ད་ལྟ་བེད་སྤྱོད་མེད་པའི་ཁ་སྐད་དང་ཟློས་སྐྱོན་རིགས་ཅི་ནུས་བཅོས་ཡོད་ཀྱང་གཞུང་ཁོག་ལ་སྡེབ་སྦྱོར་དང་ཚིག་འགྲོས་ལེགས་པོ་མེད་པ་མང་དུ་མཆིས་ཀྱང་བཅོས་དྲག་ན་རང་རྩོམ་ལྟ་བུ་གྱུར་བར་མཐོང་བས་རྩོམ་འགྲོས་རང་སྲོལ་ལྟར་འཇོག་ཡོད།
སྨར་ཚང་བསྟན་པའི་མཛེས་རྒྱན་གྲུབ་ཆེན་གཤའ་པ་ཤེས་རབ་གྲགས་པའི་རྟོགས་བརྗོད་འདིའི་བརྗོད་བྱ་ལ་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་དཔྱད་ཞིབ་ཅུང་ཟད་བགྱིས་པར་ནོར་འཁྲུལ་སྲིད་ན་ཆོས་སྲུང་ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་བཟོད་བཞེས་མཛད་དུ་གསོལ།
། འདིར་སྨྲས་པ།
ཆོས་སྲིད་རྙོག་པའི་དྲི་མ་ཀུན་བྲལ་བའི། །དྭངས་གཙང་སེམས་ལ་སྒོམ་འབྱུང་ཤེས་རབ་ཀྱིས།
།
སྒྲིབ་གཉིས་སྨག་རུབ་ཐུག་པོ་ཀུན་སངས་ནས།
།ཆོས་སྐུ་ཉིན་བྱེད་དབྱིངས་སུ་ལྡིང་ལ་དད། །
ཆོས་ཀྱི་རྒྱལ་པོ་སྨར་པ་རིན་པོ་ཆེའི། །སློབ་རྒྱུད་མཁས་གྲུབ་དུ་མ་བྱོན་པའི་ཤུལ།
།
ངལ་བར་ཆེད་སེལ་སྲི་ཞུ་ཅུང་ཟད་འདི། །སྨར་ཚང་བསྟན་པ་རྒྱས་པའི་རྒྱུ་རུ་བསྔོ། །