ཞི་གནས་གཉུག་མ་ལྟ་བའི་མེ་ལོང་བཞུགས་སོ། །


 



སེམས་ལ་སེམས་ཉིད་རྩེ་གཅིག་སྒོམ་པ་ལས། །

སེམས་སྣང་སྤྲོས་པ་ཐག་དག་ཞི་གྱུར་ཏེ། །

སྣང་སྲིད་རོ་གཅིག་མྱོང་བའི་ཆོས་ཉིད་ལ། །

སྒོམ་མེད་ཕྱག་ཆེན་རྟོགས་པའི་རྣལ་འབྱོར་པ། །

ཆོས་རྗེ་སྨར་པ་གཙུག་གི་རྒྱན་དུ་བཀུར། །



ཕྱག་ཆེན་ལྟ་བའི་མ་ཕམ་གཡུ་མཚོ་ལ། །

ཉམས་རྟོགས་རོལ་བའི་མྱོང་བ་མི་སྲིད་ཀྱང་། །

གཞུང་ལུགས་ཟབ་མོ་དཔྱད་པའི་གཞི་འཛིན་ནས། །

འཆར་སྣང་སྤྲོས་བཅས་ཅུང་ཟད་བཤད་པར་བྱ། །

ཞེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྨར་པ་རིན་པོ་ཆེ་ལ་ཕྱག་འཚལ་ཞིག་སྐྱབས་སུ་མཆིའོ། །དུས་ཐམས་ཅད་དུ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ་ཞེས་གསོལ་བ་བཏབ་ནས་སྨར་ཚང་ཕྱག་ཆེན་ལས་ཞི་གནས་ཀྱི་བསྐོར་ཅུད་ཟད་འཆད་པར་བྱ། འདི་བསམ་གཏན་གྱི་ཏིང་ངེ་འཛིན་སྐྱེ་བའི་ཐབས་ཞི་གནས་སྒོམ་མཁན་ཞིག་ཡིན་ན་ཞི་གནས་འགྲུབ་སླ་བའི་ཆེད་ཚོགས་བཞི་ལ་བརྟེན་ནས་ཞི་གནས་སྒོམ་དགོས་པ་ཡིན་པས་ཚོགས་བཞི་ནི་གནས་བཟང་པོ། ས་བཟང་པོ། གྲོགས་བཟང་པོ། ཡོ་བྱད་བཟང་པོ་བཅས་བཞི་ཚང་དགོས་པ་ཡིན།
དང་པོ་གནས་བཟང་པོ་ནི། ཞི་གནས་སྒོམ་སྒྲུབ་བྱེད་སའི་གནས་དེ་ཡང་དམག་འཁྲུག་དང་འཐབ་འཛིང་བྱས་ནས་མི་མང་པོ་བསད་པའི་ཡུལ་མ་ཡིན་པ་དང་ར་ལུགས་སོགས་སེམས་ཅན་མང་པོ་བསད་གཏུབས་བྱས་སའི་བཤན་ར་ལྟ་བུ་མ་ཡིན་པ་ཞིག་བྱུང་ན་བཟང་བ་ཡིན། སྐྱེས་བུ་དམ་པ་མང་པོས་སྒོམ་སྒྲུབ་ཉམས་ལེན་བྱས་པའི་གནས་བྱིན་རླབས་ཅན་བྱུང་ན་རབ་དང་མ་བྱུང་ན་དབེན་གནས་ཉམས་དགའ་བ་ཞིག་བྱུང་ན་ཤིན་ཏུ་བཟང་བ་ཡིན།
གཉིས་པ་ས་བཟང་པོ་ནི། ཞི་གནས་སྒོམ་སྒྲུབ་བྱེད་སའི་གནས་དེར་འཐུང་ཆུ་དང་མེ་ཤིང་དང་གནམ་བཤིག་དྲོ་གྲོང་གི་ངལ་བ་མེད་པ་དང་། འཚོ་ཟས་རྒྱབ་གོས་བཙལ་སླ་བའི་ཆེད་དུ་ཡུལ་མི་དང་རྒྱང་ཐག་རིང་པོ་མིན་པའི་ས་དང་ཇག་རྐུན་དང་གཅན་གཟན་སོགས་ཀྱིས་སྲོག་ལ་གནོད་པ་མེད་པའི་དབེན་གནས་མཛེས་སྡུག་ལྡན་པ་ཞིག་རྙེད་ན་ཤིན་ཏུ་བཟང་པོ་ཡིན།
གསུམ་པ་གྲོགས་བཟང་པོ་ནི། ཐོས་བསམ་སྒོམ་གསུམ་ལ་བྱང་ཆུབ་ཅིང་ཁྱད་པར་སྒོམ་སྒྲུབ་ཉམས་ལེན་གྱི་མྱོང་བ་དང་ལྡན་པའི་གྲོགས་དགེ་བའི་བཤེས་གཉེན་ཞིག་རྙེད་ན་རབ་ཏུ་བཟང་།  དེ་ལྟར་མ་བྱུང་ན་ཡང་སྒོམ་སྒྲུབ་བྱེད་དུས་ཆོས་གྲོགས་དེ་སྨྲ་ལྕེ་བདེན་ཞིང་ཉམས་ལེན་གྱི་འབྲས་བུ་དབེན་པའི་མི་ཞིག་འཕྲད་ན་ཞི་གནས་སྐྱེ་རྒྱུའི་ཚབ་ལ་རྒོད་པ་རི་ཙམ་སྐྱེ་ངེས་པས་གྲོགས་དགེ་བའི་བཤེས་འཚོལ་བར་ཤིན་ཏུ་ཡིད་གཟབ་བྱ་དགོས།  ཞི་གནས་སྒོམ་དུས་ཉེ་འཁོར་གྱི་གྲོགས་པོ་དེ་ཡང་གཏམ་ངན་ལུང་པ་གང་བཤད་མཁན་ཞིག་འཕྲད་ན་རང་གི་སེམས་ལ་རྒོད་པ་འཕར་མ་སྐྱེ་ངེས་པའི་ཕྱིར་ན་སྐྱེ་བོ་ཕལ་བ་དེ་ལྟ་བུ་རྣམ་པ་ཀུན་ཏུ་གྲོགས་མི་རུང་། གྲོགས་དེས་ཀྱང་རང་དང་ལྟ་སྤྱོད་མཐུན་ཞིང་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཅི་བྱེད་ཐམས་ཅད་ཡར་རབ་བཟང་སྤྱོད་དང་དམ་པའི་ལྷ་ཆོས་ཀྱི་ཁྲིམས་ལུགས་དང་མཐུན་པ་བྱེད་མཁན་ཞིག་འཕྲད་ན་ཞི་གནས་འཕེལ་བའི་གྲོགས་བཟང་པོ་ཞིག་ཡིན།
བཞི་པ་ཡོ་བྱད་བཟང་པོ་ནི། ཞི་གནས་སྒོམ་སྒྲུབ་ཆེད་དུ་གནས་དབེན་པར་འགྲོ་དུས་ཟས་གོས་ལྡང་ངེས་ཙམ་ཞིག་འཁུར་ནས་འགྲོ་དགོས་པ་གལ་ཆེ་བ་ཡིན། མཁོ་བའི་ཡོ་བྱད་བཟང་གྲགས་ན་ཞི་གནས་བསྒོམ་དུས་ཡོ་བྱད་ལ་ཆགས་སེམས་སྐྱེ་བ་དང་ཇག་རྐུན་གྱིས་ཡོ་བྱད་ཆེད་དུ་བསད་པ་སོགས་ཉེས་སྐྱེན་དུ་མ་ཡོང་ངེས་པས་ཡོ་བྱད་རན་པོ་ཙམ་འཁུར་ནས་དབེན་པའི་གནས་སུ་བསྒོམ་ན་བཟང་བ་ཡིན།
ཞི་གནས་སྒོམ་པའི་དམིགས་པ་ལ་ཉན་ཐོས་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ། ཐེག་ཆེན་གྱི་ཐེག་པ། གསང་བ་སྔགས་ཀྱི་ཐེག་པ་སོ་སོའི་དམིགས་པ་བཟུང་ཡུལ་མི་གཅིག་པ་དང་དམིགས་པ་བརྟེན་ཚུལ་མི་གཅིག་པ་སྣ་ཚོགས་སུ་ཡོད་ཀྱང་འདི་རེ་རེ་ནས་བརྗོད་ན་རྙོག་པོ་དང་གོ་དཀའ་བ་ཙམ་ལས་དགེ་མཚན་ཆེ་བ་རང་མ་མཐོང་བས་རེ་ཞིག་བཞག་ནས་སྐབས་སུ་བབ་པའི་ཐེག་པ་ཆེན་པོའི་ལུགས་ལ་ཞི་གནས་སྒོམ་ཚུལ་སྙིང་བསྡུས་ཙམ་ཞིག་ཞུ་ན། སྤྱིར་ཉོན་མོངས་དུག་གསུམ་འཇོམས་པའི་རྣམ་དཀར་གྱི་ཡོན་ཏན་དང་ཐར་པའི་ཡོན་ཏན་ཐམས་ཅད་ཞི་གནས་དང་ལྷག་མཐོང་གི་ལམ་དུ་འཇུག་པ་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཡིན་ཞིང་བརྗོད་ཆོག་པ་ཡིན། གལ་ཏེ་མཐར་པ་དོན་དུ་གཉེར་བའི་སྐྱེས་བུ་ཞིག་ཡིན་ན་ལམ་གྱི་གཞི་མ་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་ལ་ཞུགས་ནས་འགྲོ་དགོས་པའི་རྒྱུ་མཚན་ངེས་པར་ཤེས་ནས་ཉམས་སུ་བླང་གལ་ཤིན་ཏུ་ཆེ།  དེ་ཡང་ཞི་གནས་དང་ལྷག་མཐོང་ལ་སྔོན་གོམས་ཀྱི་བག་ཆགས་སྨིན་ངེས་པའི་སྐྱེས་བུ་དམ་པ་རྣམས་ལ་གཅིག་ནས་གཉིས་སུ་དྲངས་ནས་མིག་ལོང་རྒན་མོ་མཛུབ་ཀྱིས་ཁྲིད་པ་ལྟར་ག་ལ་དགོས།  ཞི་གནས་ཀྱི་ལམ་ལ་གོམས་ཁ་དང་པོ་སྤོ་མཁན་གྱི་སྐྱེ་བོ་ལས་དང་པོ་བ་རྣམས་ཀྱིས་ཞི་གནས་བསྒོམ་དུས་སྐས་ཀྱི་ཐེམ་པ་ལ་འཛེགས་ནས་མ་འགྲོ་བར་མཆོང་ལྡིང་བྱེད་ན་སེམས་ཞི་བ་གནས་པའི་ཚབ་ལ་སེམས་སྨྱོན་པ་བཟོས་སྲིད་པས་ཐོག་མ་སེམས་གནས་པའི་ཐབས་དགུ་པོ་རེ་རེ་ལ་འཇུག་ཚུལ་སྙིང་བསྡུས་ཤིག་ཞུ་ན་ལས་སྨོན་མཐུན་པའི་སྐྱེ་བོ་རེ་གཉིས་ལ་ཕན་སྲིད་པ་རེ་སྙམ།
དང་པོ་ནང་དུ་འཇོག་པ་ནི། ནང་དུ་འཇོག་པའི་ཚིག་གི་དོན་ནི་སེམས་ཕྱི་ལ་མི་གཏོང་བ་དམིགས་པའི་ཡུལ་གྱི་ནང་དུ་ཐོག་མར་འཇོག་པ་ཞིག་ལ་ཟེར་བ་ཡིན། སྐབས་འདིར་སྟོབས་དྲུག་གི་ནང་ནས་ཐོས་པའི་སྟོབས་ལ་བརྟེན་ནས་སྐྱེ་དགོས་པ་ཞིག་ཡིན་ཏེ། རང་གི་བླ་མའི་དྲུང་ནས་ཐོས་པའི་གདམས་ངག་རྣམས་ལ་དམིགས་པ་ཡང་ཡང་བྱེད་ན་སེམས་དམིགས་པ་ལ་འགུག་ཐུབ་པ་ཞིག་ཡིན།  སེམས་ནང་དུ་འཇོག་པའི་སྐབས་དེར་དམིགས་པའི་ཡུལ་ལ་སེམས་ཀྱི་ཤུགས་ཧ་ཅང་བསྒྲིམས་ནས་མ་འཇུག་ན་ལ་སང་གཞན་དུ་གཡེང་འགྲོ་མཁན་ཞིག་ཡིན་པའི་ཕྱིར་ན་ཡིད་བྱེད་བཞིའི་ནང་ནས་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ཀྱིས་སེམས་གནས་པའི་ཐབས་དང་པོ་གཉིས་ལ་ཡང་ཡང་གོམས་པར་བྱེད་དགོས་པ་ཡིན། ཐོག་མ་སེམས་དེ་འཇོག་སའི་དམིགས་པའི་ཡུལ་ལ་ཅུང་ཟད་རེ་གནས་ནས་ཡུལ་གཞན་དུ་གཡེང་འགྲོ་བ་དང་ཡང་བསྐྱར་དམིགས་པ་ལ་གནས་ཙམ་བྱེད་ནས་ཡང་ཡུལ་གཞན་དུ་གཡེང་འགྲོ་མཁན་ཞིག་ཡོད།  དཔེར་ན།   མེ་ཏོག་གི་བཅུད་རོལ་བའི་སྦྲང་བུ་དེ་མེ་ཏོག་གི་སྟེང་དུ་བབ་ལྡིང་ཡང་ཡང་བྱེད་པ་ལས་མེ་ཏོག་གཅིག་གི་སྟེང་དུ་ཡུད་རིང་སྡོད་མི་ཐུབ་པ་ལྟ་བུ་དང་བྱིའུ་དེ་འཚེར་མའི་ཤིང་གི་སྟེང་དུ་འཕུར་ལྡིང་ཡང་ཡང་བྱེད་པ་ལྟ་བུ་ཡིན།
དཔེར་ན། གླང་ཆེན་ནག་པོ་དེ་སྤྲེའུ་ནག་པོ་ཁྲོ་གཏུམ་ཅན་གྱིས་བཙན་ཁྲིད་བྱེད་འགྲོ་བའི་དཔེ་ལྟར། སེམས་ཀྱི་གླང་པོ་ཆེན་དེ་རང་བཞིན་དྲི་མ་མེད་པའི་དཀར་པོ་ཞིག་ཡིན་ཡང་བྱིང་བ་ནག་པོས་ཡོངས་སུ་འཐུམས་ཟིན་པ་དང་རྒོད་པ་སྤྲེའུ་དེས་སེམས་ལ་དབང་བསྒྱུར་བྱེད་ནས་ཁྲོ་གཏུམ་ཆེན་པོས་ཁྲིད་འགྲོ་ན་ཡང་རྒོད་པ་རང་ཉིད་ཀྱང་བྱིང་བ་ནག་པོས་ཡོངས་སུ་དབང་བསྒྱུར་ཟིན་པ་ཞིག་ཡིན་པས་རང་དབང་གང་ཡང་མེད།
གཉིས་པ་རྒྱུན་དུ་འཇོག་པ་ནི། རྒྱུན་དུ་འཇོག་པའི་ཚིག་གི་དོན་ནི་སེམས་དམིགས་པའི་ཡུལ་ལ་གནས་དུས་གཅིག་རྗེས་གཉིས་སུ་མཐུད་ནས་འཇོག་ཐུབ་པའི་ཕྱིར་ན་རྒྱུན་དུ་འཇོག་པ་ཞིག་ཟེར་བ་ཡིན།  རྒྱུན་དུ་འཇོག་པ་འདི་སྟོབས་དྲུག་གི་ནང་ནས་བསམ་པའི་སྟོབས་ལ་བརྟེན་ནས་སྐྱེས་དགོས་པ་ཞིག་ཡིན་ཏེ། རང་ཉིད་ཀྱིས་བླ་མའི་གདམས་ངག་གང་ཐོས་པའི་དོན་རྣམས་ཐུགས་ལ་ཡང་ཡང་བསམ་པའི་སྟོབས་ཀྱིས་སེམས་དེ་དམིགས་པའི་ཡུལ་ལ་དུས་རྒྱུན་དུ་འཇོག་ན་ཞི་བ་གནས་ཐུབ་པར་བྱས་ཀྱི་ཡོད།  སྐབས་འདིར་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་ཀྱི་ཐབས་ལ་བརྟེན་ནས་སེམས་དེ་དམིགས་པའི་སྟེང་དུ་ཟིན་ཅི་ཐུབ་བྱེད་དགོས་པ་ཡིན།
དཔེན་ན།  སྤྲེལ་གྱིས་གླང་ཆེན་ནག་པོ་དེ་ཁྲིད་ནས་འགྲོ་ཞིང་གླང་སྤྲེལ་གཉིས་ཀའི་མགོ་ལ་དཀར་ཆ་རེ་ཐོན་པ་ནི་གླང་ཆེན་རང་བཞིན་དཀར་པོ་ཡིན་པར་མཚོན།  གྲྭ་པ་ཞིག་གིས་ལག་ཏུ་ལྕགས་ཀྱུས་དང་ཐག་པ་འཇུས་ནས་གླང་ཆེན་ཟིན་པའི་ཆེད་དུ་མགྱོག་པོ་གླང་ཆེན་གྱི་མཇུག་ཏུ་རྒྱུག་འགྲོ་བའི་དཔེ་ལྟར།  སེམས་ཀྱི་གླང་ཆེན་དེ་བྱིང་བ་ནག་པོས་འཐུམས་ནས་རྒོད་པ་སྤྲེལ་གྱིས་སྣ་འདྲེན་ལྟར་འགྲོ་ཞིང་ཞི་གནས་སྒོམ་མཁན་གྱིས་དྲན་པའི་ཐག་པ་དང་ཤེས་བཞིན་ལྕགས་ཀྱུ་གཉིས་ཀྱིས་སེམས་ཀྱི་གླང་པོ་ཆེན་དེ་ཟིན་བའི་ཐབས་ལ་འབད་འབུངས་བྱེད་པ་ཞིག་ཡིན། སྐབས་འདིར་རྒོད་པ་རྒྱུག་སའི་ཡུལ་འདོད་ཡོན་ལྔའི་ནང་ནས་རེག་བྱ་གཙོ་བོ་ཡིན་པར་བཤད་སྲོལ་ཡོད།
གསུམ་པ་གླན་དུ་འཇོག་པ་ནི། གླན་དུ་འཇོག་པའི་ཚིག་གི་དོན་ནི་སེམས་རང་ཉིད་དམིགས་པའི་ཡུལ་ལ་མི་གནས་པར་གཡེང་འགྲོ་བ་དང་ལ་སང་གཡེང་བར་ཤེས་ནས་སྔར་གྱི་དམིགས་པའི་གནས་ལ་ཚུར་བཀུགས་ནས་གླན་དུ་འཇོག་ཐུབ་པ་ཞིག་ལ་ཟེར་བ་ཡིན།  གླན་དུ་འཇོག་པ་འདི་སྟོབས་དྲུག་གི་ནང་ནས་དྲན་པའི་སྟོབས་ལ་བརྟེན་ནས་སྐྱེ་དགོས་པ་ཡིན་ཏེ། རང་གི་དམིགས་པའི་ཡུལ་མེ་ཏོག་སོགས་གང་ལ་འཇོག་པ་དེ་དམིགས་པའི་སྣང་ངོ་ལ་བརླག་མ་ཤོར་བ་ཡང་ཡང་དྲན་པར་བྱེད་དགོས་པ་ཤིན་ཏུ་གནད་ཆེན་ཡིན། སེམས་དེ་དམིགས་པའི་ཡུལ་ལ་ཕྲན་བུ་སྡོད་ཐུབ་ཀྱང་ཡུད་ཙམ་ལས་མི་གནས་པར་བར་ཆད་ཀྱི་དབང་དུ་ཡང་ཡང་ཕྱི་ལ་ཤོར་འགྲོ་བ་ཞིག་ཡིན་པས་ཐབས་གསུམ་པ་ནས་བདུན་པའི་བར་ཡིད་བྱེད་བཞིའི་ནང་ནས་ཆད་ཅིང་འཇུག་པའི་ཡིད་བྱེད་ཀྱི་ཐབས་འདིར་ཡང་ཡང་འབད་དགོས་པ་ཡིན།
དཔེར་ན།  མགོ་དཀར་པོ་ཡིན་པའི་སྤྲེལ་དང་གླང་ཆེན་གཉིས་ཀྱི་རྗེས་སུ་གྲྭ་པས་ཐག་པ་དང་ལྕགས་ཀྱུས་ལ་འཇུས་ནས་འཐེན་དུས་གླང་ཆེན་གྱིས་ཕྱིར་བལྟས་བྱེད་པ་ལྟར། ལམ་གྱི་ཁུག་སོ་འདིར་སླེབས་དུས་རང་ཉིད་གཡེང་བར་ངོ་ཤེས་ནས་སླར་དམིགས་པ་ལ་ཞི་བ་གནས་ཐུབ་པ་དང་བྱིང་བ་ཕྲ་རག་དང་རྒོད་པ་ཕྲ་རག་སོ་སོ་ངོས་ཟིན་ཐུབ་ཀྱི་ཡོད་པའི་རྟགས་ཡིན།  དང་པོ་བྱིང་བ་རག་པ་ནི་སྐབས་རེ་དམིགས་པའི་ཡུལ་བརླགས་ནས་ནག་ཐོམ་མེ་གྱུར་བ་དང་། ཡང་སྐབས་རེ་དམིགས་པའི་ཡུལ་རྦད་དེ་བརླག་མེད་ན་ཡང་འགུལ་སྤྱོད་བྱེད་ལ་ཁད་གཡེང་ལ་ཁད་ལྷེམ་མེ་བསྡད་པ་རྣམས་ཡིན། བྱིང་བ་ཕྲ་མོ་དེ་ཡུལ་ལ་གནས་ཀྱང་གསལ་ཆ་མེད་པ་དང་ཅུང་ཟད་ཉོབ་པ་ལྟ་བུ་ཡིན་པ་ལ་རིག་པ་རྨུགས་ཐིབས་སེ་སྡོད་མཁན་ཞིག་ཡོད།  བྱིང་བ་ཤིན་ཏུ་ཕྲོ་མོ་དེ་ཤེས་བཞིན་གྱིས་ཞིབ་དཔྱད་མ་བྱེད་ན་དམིགས་པའི་ཡུལ་ལ་སེམས་ཀྱི་གནས་ཆ་ཅུང་ཟད་ལྡན་པ་དང་ཕྱོགས་འདྲ་བ་ཙམ་ཡོད་པ་ཡིན། འོན་ཏེ།  བྱིང་བ་ཕྲ་མོ་དེ་དམིགས་པའི་ཡུལ་ལ་གནས་དུས་ཡུད་མི་རིང་བ་ཉོབ་ཤན་ཇི་ཆེ་རུ་འགྲོ་མཁན་ཡོད།  རྒོད་པ་རག་པ་ནི་ང་རྒྱལ། ཕྲག་དོག ཁོང་ཁྲོ་སོགས་ལ་སེམས་གཡེངས་ནས་བསྡད་པ་རྣམས་ལ་འཇོག་པ་ཡིན།  རྒོད་པ་ཕྲ་མོ་ནི་དམིགས་པའི་ཡུལ་གང་ལ་འཇོག་ན་སེམས་རང་ཚུགས་སུ་མི་གནས་པར་གཡེང་བ་རང་གིས་ཀྱང་ཤེས་དཀའ་བ་རྣམས་ཡིན། ཞི་གནས་སྒོམ་མཁན་གྱིས་དྲན་པའི་ཐག་པ་འཕངས་ནས་བྱིང་བ་ཕྲ་རག་མཚོན་པའི་རི་བོང་དང་གླང་ཆེན་ནག་པོ་གཉིས་ཀ་འཇུས་ཐུབ་པ་ཡིན། སྐབས་འདིར་རྒོད་པ་རྒྱུག་སའི་ཡུལ་འདོད་ཡོན་ལྔའི་ནང་ནས་རོ་གཙོ་བོ་ཡིན་པར་བཤད་སྲོལ་ཡོད།
བཞི་པ་ཉེ་བར་འཇོག་པ་ནི། ཉེ་བར་འཇོག་པའི་ཚིག་གི་དོན་ནི་རྒྱ་ཆེན་ཞིང་ཡུལ་ངེས་མེད་དུ་གཡེང་འགྲོ་བའི་སེམས་འདི་ཚུར་བསྡུས་ནས་དམིགས་པའི་ཡུལ་གྱི་སྟེང་དུ་སྔར་ལས་ཀྱང་ཉེ་བར་འཇོག་ཐུབ་པ་དང་ཉེ་བར་གནས་ཐུབ་པ་ཞིག་ལ་ཟེར་བ་ཡིན། ཉེ་བར་འཇོག་པ་འདིས་ཀྱང་སྟོབས་དྲུག་གི་ནང་ནས་དྲན་པའི་སྟོབས་ལ་བརྟེན་ནས་སྐྱེ་དགོས་པ་ཞིག་ཡིན་ཏེ། རང་གི་དམིགས་པའི་ཡུལ་མེ་ཏོག་སོགས་གང་ཡིན་པ་དེ་ལ་སེམས་གནས་ཡོད་མེད་ཡང་ཡང་དྲན་པར་བྱེད་ནས་དམིགས་པའི་ཡུལ་ལ་སེམས་གྲིམས་ལྷོད་རན་པོས་འཇོག་པར་བྱ།  དམིགས་པའི་ཡུལ་ལ་སེམས་གྲིམས་ལྷོད་རན་པོའི་ཕྱོགས་སུ་ཉེ་བར་འཇོག་ཐུབ་པའི་ཐབས་ལ་ཡང་ཡང་འབད་དགོས་པ་ཞིག་ཡིན།
དཔེར་ན།  སྤྲེའུ་དེ་གླང་ཆེན་གྱི་སྔོན་དུ་འགྲོ་མུ་ཡིན་ཡང་སྤྲེལ་དང་གླང་ཆེན་དང་རི་བོང་གསུམ་ཀའི་མགོ་ལག་ཆ་ཚང་དཀར་པོ་གྱུར་བ་དང་། སྤྲེལ་དང་གླང་ཆེན་དང་རི་བོང་གསུམ་པོས་གང་ཟག་དེ་ལ་ཕྱིར་བལྟས་བྱེད་པའི་དཔེ་ལྟར། ལམ་གྱི་ཁུག་སོ་འདིར་སླེབས་དུས་སེམས་ཀྱི་གླང་པོ་ཆེན་དེ་ཡུལ་ངེས་མེད་ལ་ཁྲིད་མཁན་རྒོད་པ་དང་བྱིང་བའི་ནུས་པ་ཅུང་ཟད་ཉམས་ཤིང་། རང་གི་སེམས་དེ་ཡང་ཞི་གནས་སྒོམ་མཁན་གྱི་གང་ཟག་ཕྱོགས་སུ་ཕྱིར་བལྟས་བྱེད་ནས་སེམས་ཕྲ་མོ་ཕྱོགས་སུ་ཉེ་བར་གནས་ཐུབ་པའི་ཐབས་ལ་འབད་པ་ཞིག་ཡིན།  སྐབས་འདིར་རྒོད་པ་རྒྱུག་སའི་ཡུལ་འདོད་ཡོན་ལྔའི་ནང་ནས་གཙོ་བོ་དྲི་ཡིན་པར་བཤད་སྲོལ་ཡོད།
ལྔ་པ་དུལ་བར་བྱེད་པ་ནི། དུལ་བར་བྱེད་པའི་ཚིན་གི་དོན་ནི་བྱིང་བས་སེམས་དང་དམིགས་པ་གཉིས་པོ་གསལ་མི་ཐུབ་པ་བྱིང་ནས་སྡོད་བཅུག་པའི་དུས་སུ་ཤེས་བཞིན་གྱིས་དམིགས་རྟེན་གསལ་བར་ཡང་ཡང་བྱེད་པ་ལ་དུལ་བ་ཟེར་བ་ཡིན།  དུལ་བར་བྱེད་པ་ནི་སྟོབས་དྲུག་གི་ནང་ནས་ཤེས་བཞིན་གྱི་སྟོབས་ལ་བརྟེན་ནས་སྐྱེ་དགོས་པ་ཞིག་ཡིན་ཏེ། སེམས་དམིགས་པའི་ཡུལ་ལ་གནས་པའི་ཚེ་ན་སྐབས་རེ་ཉོབ་ཐིབས་སེ་གནས་པ་དང་སྐབས་རེ་ཡི་ཐང་ཆད་པ་ལྟ་བུ་བསྡད་པའི་དུས་སུ་ཤེས་བཞིན་གྱིས་བྱིང་བས་བསླུ་བྲིད་དང་གཡོ་སྒྱུ་ཡིན་པར་ཤེས་ནས་དམིགས་པ་གང་ཡིན་པ་དེ་ལ་སེམས་རྩེ་གཅིག་ཏུ་གནས་པ་བྱེད་པ་ནི་མངོན་པར་འདུལ་བྱེད་པ་ཡིན།  སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཚེ་ཤེས་བཞིན་གྱིས་བྱ་ར་མིན་བྱེད་པ་རང་འཚུགས་སུ་མཉམ་པ་འཇོག་པ་ནི་དུལ་མི་བྱེད་པ་ཟེར་བ་ཡིན། མདོར་ན་སེམས་དམིགས་པ་ལ་མི་གནས་པའི་དུས་སུ་དུལ་བྱེད་པ་དང་གནས་པའི་དུས་སུ་དུལ་མི་བྱེད་པའི་ཐབས་ཤེས་དེ་ངེས་པར་ཤེས་དགོས།
དཔེར་ན། གྲྭ་པ་ཞིག་གིས་གླང་ཆེན་དང་རི་བོང་ལུས་ཕྱེད་ཙམ་དཀར་པོ་གྱུར་ཟིན་པའི་གླང་ཆེན་གྱི་སྐེད་ལ་ཐག་པས་བཏགས་ནས་ལྕགས་ཀྱུས་ཀྱིས་གླང་ཆེན་མགོ་ལ་མནོན་གྲབ་བྱེད་པ་དང་།  སྤྲེལ་གྱིས་གླང་ཆེན་སྣ་འདྲེན་བྱེད་པའི་ནུས་པ་ཤོར་ནས་རྔ་མ་ལ་འཇུས་བཞིན་འགྲོ་བའི་དཔེ་ལྟར།  དུལ་བར་བྱེད་པའི་ལམ་གྱི་ཁུག་སོ་འདིར་སླེབས་དུས་དྲན་པའི་ཐག་པས་སེམས་ཀྱི་གླང་ཆེན་དེ་དམིགས་པའི་ཡུལ་ལ་དམ་དུ་བཏགས་ནས་ཤེས་བཞིན་ལྕགས་ཀྱུས་ཀྱིས་ཡུལ་གཞན་དུ་འཕྲོས་མི་བཅུགས་པ་ཚུར་བཀུགས་ནས་ཟེངས་གཏོད་བཞིན་དུ་ཏིང་ངེ་འཛིན་གྱི་དམིགས་པ་ལ་གནས་པར་བྱེད་པས་བྱིང་བ་ཕྲ་རག་གཉིས་ཕྱེད་ཙམ་དག་པའི་དུས་ཤིག་ཡིན།  དུས་དེར་རྒོད་པས་སེམས་ཀྱི་སྣ་འདྲེན་བྱེད་པའི་ནུས་པ་ཡོངས་སུ་ཉམས་ཀྱང་ད་དུང་ཡི་ཐང་ཆད་བཞིན་དུ་སེམས་ཀྱི་མཇུག་ལ་འགྲོ་མུ་ཡིན་པས་བླང་དོར་ལེགས་ཉེས་འབྱེད་པའི་དྲན་ཤེས་གཉིས་ཀྱིས་ཟིན་དགོས་པ་ཡིན།  སྐབས་འདིར་རྒོད་པ་རྒྱུག་སའི་ཡུལ་འདོད་ཡོན་ལྔའི་ནང་ནས་གཙོ་བོ་སྒྲ་ཡིན་པར་བཤད་སྲོལ་ཡོད།
དྲུག་པ་ཞི་བར་བྱེད་པ་ནི། ཞི་བར་བྱེད་པའི་ཚིག་གི་དོན་ནི་བྱིང་རྒོད་ཕྲ་མོ་ལ་གཡེང་བའི་ཉེས་སྐྱོན་ཤེས་པར་བྱས་ནས་སེམས་བྱིང་རྒོད་ཕྲོ་མོའི་ཡུལ་ལས་ཞི་བར་བྱེད་པ་ཞིག་ལ་ཟེར་བ་ཡིན། ཞི་བར་བྱེད་པ་ནི་སྟོབས་དྲུག་གི་ནང་ནས་ཤེས་བཞིན་གྱི་སྟོབས་ལ་བརྟེན་ནས་སྐྱེ་དགོས་པ་ཞིག་ཡིན་ཏེ།  བྱིང་བ་ཕྲ་མོ་དང་རྒོད་པ་ཕྲ་མོའི་ཡུལ་ཕྱི་རོལ་དུ་གཡེང་བ་དང་ནང་དུ་མངོན་པ་མི་གསལ་བར་ཡིབ་ནས་བསྡད་པ་རྣམས་ཤེས་བཞིན་གྱིས་ཞིབ་ཕྲ་དཔྱད་ནས་དམིགས་པ་གང་ཡིན་པ་དེ་ལ་གནས་ཐུབ་པའི་ཐབས་ལ་ཡང་ཡང་འབད་དགོས་པ་ཞིག་ཡིན།
དཔེར་ན། གྲྭ་པ་དེས་ཐག་པས་གླང་ཆེན་ཁྲིད་ནས་ལྕགས་ཀྱུས་འཆར་བཞིན་མདུན་ལམ་དུ་བསྐྱོད་དུས་གླང་ཆེན་ཡང་ཐག་པས་འཐེན་མི་དགོས་པ་ཁྲིད་མཁན་དང་ཆེས་ཉེར་བའི་རྗེས་སུ་བཞུད་ཅིང་། གླང་ཆེན་དང་སྤྲེལ་གཉིས་ཀྱི་ཁོག་སྨད་ལ་ནག་པོ་ཅུང་ཟད་རེ་མ་གཏོགས་ལུས་ཕལ་ཆེར་དཀར་པོ་གྱུར། རི་བོང་དེ་འདི་ནས་མེད་པར་གྱུར་ན་ཡང་ཡི་ཐང་ཆད་པའི་སྤྲེལ་རྒན་ནུས་མེད་དེ་ད་དུང་གླང་ཆེན་གྱི་རྔ་མ་ལ་འཇུས་ནས་མཇུག་ལ་འགྲོ་བའི་དཔེ་ལྟར།  ཞི་བར་བྱེད་པའི་ལམ་གྱི་ཁུག་སོ་འདིར་སླེབས་དུས་སེམས་ཀྱི་གླང་ཆེན་དེ་དྲན་པ་ཐག་པ་དེས་དམིགས་རྟེན་ཀ་ལ་བཏགས་ནས་ཤེས་བཞིན་ལྕགས་ཀྱུས་ཀྱིས་བཀུགས་པའི་ཚེ་ན་སེམས་དེ་ཞི་གནས་སྒོམ་མཁན་གང་ཟག་གི་རྗེས་སུ་ཆེས་ཉེ་བར་གནས་ཐུབ་ཀྱི་ཡོད། དུས་སྐབས་དེར་རྒོད་པ་ལ་ཡོད་པའི་བྱིང་བ་ཕལ་ཆེར་ཟད་ཅིང་རྒོད་པ་ཕྲོ་མོའི་ནུས་པ་ཞན་པ་གྱུར་ཡང་ད་དུང་སེམས་ཀྱི་རྗེས་སུ་མུ་མཐུད་ནས་འགྲོ་གི་ཡོད།  འདིའི་བར་དུ་བྱིང་རྒོད་ཕྲ་རག་སོགས་ཞི་གནས་གྱི་མི་མཐུན་ཕྱོགས་མང་པོ་ཞིག་འགོག་པའི་ཐབས་གཙོ་བོ་ཐོས་བསམ་གཉིས་དང་དྲན་ཤེས་གཉིས་ཀྱི་སྟོབས་ལ་བརྟེན་དགོས་པ་ཡིན།  འདིར་རྒོད་པ་རྒྱུག་སའི་ཡུལ་འདོད་ཡོན་ལྔའི་ནང་ནས་གཙོ་བོ་གཟུགས་ཡིན་པར་བཤད་སྲོལ་ཡོད།
བདུན་པ་རྣམ་པར་ཞི་བར་བྱེད་པ་ནི རྣམ་པར་ཞི་བར་བྱེད་པའི་ཚིག་གི་དོན་ནི་བྱིང་རྒོད་ཤིན་ཏུ་ཕྲ་བའི་ངོ་བོ་དང་རྣམ་པར་མི་གསལ་བ་རྣམས་ཞི་བར་བྱས་ནས་ཏིང་ངེ་འཛིན་སྒོམ་པ་ལ་འབད་བརྩོན་གཙོ་བོ་བྱེད་པ་ཞིག་ལ་ཟེར་བ་ཡིན།  རྣམ་པར་ཞི་བར་བྱེད་པ་ནི་སྟོབས་དྲུག་གི་ནང་ནས་བརྩོན་འགྲུས་ཀྱི་སྟོབས་ལ་བརྟེན་ནས་སྐྱེ་དགོས་པ་ཞིག་ཡིན་ཏེ།  ལམ་གྱི་ཁུག་སོ་འདིར་སླེབས་དུས་རྒོད་པ་ཕྲ་མོ་དེ་སེམས་དང་ཁ་བྲལ་ནས་ཞི་གནས་སྒོམ་མཁན་གྱི་རྗེས་སུ་བཞུད་པ་དང་བྱིང་བ་གསར་པ་སྐྱེ་དཀའ་ཡང་བྱིང་བ་ཤིན་ཏུ་ཕྲ་མོ་དེ་གཏན་མེད་གྱུར་བའི་ཆེད་སེམས་ཀྱི་དམིགས་པ་ཏིང་ངེ་འཛིན་སྒོམ་པ་ལ་འབད་པ་གཙོ་བོ་བྱེད་དགོས་པ་ཞིག་ཡིན།
དཔེར་ན།  གླང་པོ་ཆེན་གྱི་རྔ་མའི་འོག་ཏུ་ནག་པོ་ཅུང་ཟད་ཙམ་མ་གཏོགས་ལུས་ཆ་ཚང་དཀར་པོ་གྱུར་ཞིང་རང་འགུལ་དུ་བཞུད་པ་དང་། གྲྭ་པས་གླང་ཆེན་གྱི་མཇུག་ཏུ་ཕྱག་གཉིས་མཉམ་བཞག་གི་ཚུལ་བྱེད་བཞིན་སྤྲེལ་རྒན་གྱི་ཕྱོགས་སུ་ཕྱིར་ཁ་བསྐོར་ནས་བལྟས་དུས་སྤྲེལ་རྒན་ནུས་མེད་དེས་གྲྭ་པའི་གོས་ཀྱི་སྣེ་མོར་འཇུས་གྲབ་བྱེད་པའི་དཔེ་ལྟར། སེམས་ཀྱི་གླང་ཆེན་ལ་རྒོད་པ་སྤྲེལ་རྒན་གྱིས་འཕྲོ་བའི་གོ་སྐབས་ཤོར་ཟིན་ཡང་ཤིན་ཏུ་ཕྲ་བའི་བྱིང་བ་ནུས་མེད་དེ་ཡང་ཅུང་ཟད་ཙམ་ལས་ལྷག་མེད་པའི་དུས་ཤིག་ཡིན།  དེས་ན་ཞི་གནས་སྒོམ་མཁན་གྱིས་སེམས་ཀྱི་གླང་ཆེན་དེད་པ་དང་ཁྲིད་པ་གང་ཡང་མི་དགོས་པར་རང་ཚུགས་སུ་དམིགས་པ་ལ་ཞི་བ་གནས་ཐུབ་ཀྱང་ད་དུང་ཤིན་ཏུ་ཕྲ་བའི་བྱིང་བ་ཡེལ་མེད་དུ་གྱུར་མེད་པས་ཏིང་འཛིན་བསྒོམ་པ་ལ་འབོད་བརྩོན་དང་དུ་བླངས་དགོས་པར་གནད་ཆེན་ཡིན།  
བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་ནི། རྩེ་གཅིག་ཏུ་བྱེད་པའི་ཚིག་གི་དོན་ནི་སེམས་དམིགས་པའི་ཡུལ་ལ་འབད་མེད་དུ་འཇུག་པའི་ཕྱིར་དུ་ཏིང་ངེ་འཛིན་གྱི་དམིགས་པ་ལ་འབད་པ་རྩེ་གཅིག་ཏུ་བྱེད་པ་ཞིག་ལ་ཟེར་བ་ཡིན། རྩེ་གཅིག་ཏུ་བྱེད་པ་ནི་སྟོབས་དྲུག་གི་ནས་བརྩོན་འགྲུས་ཀྱི་སྟོབས་ལ་བརྟེན་ནས་སྐྱེ་དགོས་པ་ཞིག་ཡིེན་ཏེ།  ལམ་གྱི་ཁུག་སོ་འདི་ལ་མ་སླེབས་ཀྱི་བར་བྱིང་རྒོད་ཕྲ་རག་སོགས་ཞི་གནས་གྱི་མི་མཐུན་ཕྱོགས་མང་པོ་ཞིག་ལེང་ལེང་དུ་གྱུར་བ་རྣམས་སྔོན་འགོག་གཙོ་བོ་བྱེད་དགོས་པ་ཡིན།  ལམ་གྱི་ཁུག་སོ་འདིར་སླེབས་དུས་ཡུད་རིང་བཅོམ་ནད་ཀྱི་ཟིན་པའི་ནད་པ་དེ་སྨོན་བཅོས་བྱེད་ནས་སྔར་གྱི་ནད་ལས་གྲོལ་བ་དང་ལུས་སེམས་གཉིས་ཀ་ལྷོད་པོའི་ངང་བདེ་སངས་ངེ་ཡོད་པའི་ཚོར་བ་གསར་པ་ཞིག་སྐྱེ་བ་ལྟར། སེམས་ལ་བྱིང་རྒོད་གཉིས་ཀྱིས་མནར་བའི་ངལ་དུབ་སངས་ནས་བདེ་སྣང་གི་ཚོར་བ་གསར་པ་ཞིག་མྱོང་བའི་སྐབས་འདིར་སེམས་ལྷོད་ཡང་མ་གཏོང་བར་ཏིང་ངེ་འཛིན་གྱི་དམིགས་པ་གསལ་ཧྲེལ་ལེ་བ་དེ་ལ་མཉམ་བཞག་གཙོ་བོ་བྱེད་དགོས་པ་ཡིན། སྐབས་འདི་དྲན་ཤེས་གཉིས་བག་ཉལ་གྱི་ཚུལ་དུ་འཇོག་ན་ཆོག་པ་ཡིན།
དཔེར་ན།  གླང་ཆེན་དཀར་པོ་དེ་མདུན་ནས་ཁྲིད་མཁན་མེད་པ་དང་རྒྱབ་དུ་དེད་མཁན་མེད་པ་རང་འགུལ་གྱིས་འགྲོ་བ་དང་གྲྭ་པ་དེས་ཀྱང་ལག་ཏུ་གང་ཡང་འཁྱེར་རྒྱུ་མེད་པ་གླང་ཆེན་གྱི་མདུན་ལ་བཞུད་པའི་དཔེ་ལྟར། སེམས་རྩེ་གཅིག་ཏུ་བྱེད་པའི་ཞི་གནས་ཀྱི་ལམ་གྱི་ཁུག་སོ་འདིར་སླེབས་དུས་བྱིང་བ་ཕྲ་མོ་ཡང་ཟད་ཟིན་པས་གཏན་ཆ་ཤིན་ཏུ་ཆེ་བའི་ཏིང་ངེ་འཛིན་གྱི་དམིགས་པ་དྭངས་གསལ་ལེ་བ་དེ་ཉིད་བསྒོམ་པ་ལ་འབད་པར་གཙོ་བོ་བྱེད་དགོས་པ་ཡིན།
དགུ་པ་མཉམ་པར་འཇོག་པ་ནི།  མཉམ་པར་འཇོག་པའི་ཚིག་གི་དོན་ནི་སེམས་དམིགས་པའི་ཡུལ་ལ་འབད་རྩོལ་བྱེད་མི་དགོས་པ་རང་བབས་སུ་མཉམ་པར་འཇོག་ཆོག་པ་ཞིག་ལ་ཟེར་བ་ཡིན། མཉམ་པར་འཇོག་པ་ནི་སྟོབས་དྲུག་གི་ནང་ནས་འདྲེས་པའི་སྟོབས་ལ་བརྟེན་ནས་སྐྱེ་དགོས་པ་ཞིག་ཡིན་ཏེ། ཏིང་ངེ་འཛིན་ལ་དམིགས་མཁན་དང་དམིགས་པ་གཉིས་ཡུལ་དང་ཡུལ་ཅན་ལྟ་བུ་ཕན་ཚུན་ཐ་དད་དུ་མི་སྣང་བ་ཆུ་ལ་ཆུ་བཞག་པ་དང་མར་ལ་མར་བཞག་པ་ལྟར་ཡིན་པ་ལ་སྟོང་སྣང་བདེ་བ་དང་བདེ་སྣང་སྟོང་པ་ཉིད་ཀྱི་དབྱིངས་སུ་གནས་ཐུབ་པ་ཞིག་དགོས་པ་ཡིན་ཏེ། ཆོས་རྗེ་སྨར་པ་རིན་པོ་ཆེས།

རང་སེམས་དྲི་མེད་ནམ་མཁའ་ནི། །གདོད་ནས་རྣམ་པ་དག་ན་ཡང་། །
རྟོགས་མ་རྟོགས་རྟ་རྔ་འགྲེས་གང་ལ། །འཁོར་འདས་གཉིས་ཀྱི་སྣང་བ་བྱུང་། །
དཔེར་ན་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་བཞག་པ་བཞིན། །
ཞེས་གསུངས་སོ། །དཔེར་ན། ཞི་གནས་སྒོམ་མཁན་གྱིས་ལུས་རྣམ་སྣང་ཆོས་བདུན་བྱས་ནས་བཞུགས་པའི་ཉེ་འགྲམ་དུ་གླང་ཆེན་དཀར་པོ་དེས་ཀྱང་གང་ཟག་གི་འགྲམ་དུ་ལུས་གོ་གོ་བྱེད་ནས་ཉལ་བའི་དཔེ་ལྟར།  མཉམ་པར་འཇོག་པའི་ཞི་གནས་ཀྱི་སྐབས་སུ་སྒོམ་ཆེན་གྱིས་སེམས་ལ་དབང་བསྒྱུར་བ་ལྟར་སེམས་ཀྱང་སྒོམ་ཆེན་གྱི་དམིགས་པའི་ཏིང་ངེ་འཛིན་ལ་བདེ་ཆམ་མེ་ཞུགས་ཀྱི་ཡོད།  ལམ་གྱི་ཁུག་སོ་འདིར་སླེབས་དུས་སེམས་ལ་རང་དབང་ཐོབ་ནས་ནམ་མཁའ་ལ་འཕུར་བ། ས་འོག་ཏུ་འཛུལ་བ། སྒྱུ་འཕྲུལ་སྣ་ཚོགས་སྟོན་པ། གང་ཟག་གཅིག་ལ་སྤྲུལ་པ་མང་པོ་སྤྲུལ་ཐུབ་པ་སོགས་ཁྱད་དུ་འཕགས་པའི་ཡོན་ཏན་རྣམས་རིམ་བཞིན་སྐྱེ་ཡོང་བ་ཡིན། འདི་ཏིང་ངེ་འཛིན་གྱི་དམིགས་པ་རིག་སྟོང་མཐའ་དབུས་མེད་པའི་ནམ་མཁའ་ལྟ་བུ་ཆོས་ཀྱི་དབྱིངས་དེ་ཉིད་ལ་སྒྲིག་ལྷོད་མེད་པ་ལྷེན་ནེ་འཇོག་ན་རྙོག་དྲི་ཐམས་ཅད་རང་འཚུགས་ཡལ་ནས་སེམས་ཀྱི་ངོ་བོ་དྭངས་གསལ་ལེ་གྱུར་བ་ཆོས་ཉིད་ཡིན་ཏེ། ཆོས་རྗེ་སྨར་པ་རིན་པོ་ཆེའི་ཉམས་མགུར་ལས།

 སྟོང་ཉིད་རྙིང་རྗེ་ཟུང་འཇུག་ལ། །སྒོམ་དུས་མེད་ཅིང་གཡེང་དུས་མེད། །
རིག་པ་ངང་ལ་བཞག་གྱུར་ན། །སེམས་ཉིད་ནམ་མཁའ་ལྟ་བུ་གྱུར། །
དྲན་རྟོག་གློ་བུར་སྤྲིན་ལྟ་བུ། །བྱུང་ཡང་མི་བཀག་གཉུག་མའི་ངང་། །
སྐྱེ་བ་མེད་པའི་ཆོས་དབྱིངས་སུ། །རང་སེམས་དག་པའི་སྣང་བ་མཐོང།
ཞེས་གསུངས་པ་ལྟར་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་ཤིག་སྟོང་ཉམས་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཁྱད་པར་འཕགས་པ་ཞིག་སྐྱེ་བ་འདུག་ན་ཞི་གནས་དང་ལྷག་མཐོང་གི་ཡོན་ཏན་ཐུགས་ལ་འཁྲུངས་པ་ཡིན།

སེམས་གཏད་མེད་ནམ་མཁའ་སྟོང་པ་ལ། །ལས་ཉོན་མོངས་སྤྲིན་ཚོགས་འཁྲིགས་པ་དེ། །
སྐྱེན་སྣང་རྟོག་རླུང་གིས་གཡོ་གྱུར་ཀྱང་། །བསྒོམ་ཤེས་ན་གཉུག་མའི་དབྱིངས་སུ་ཡལ། །ཞེས་ངལ་གསོ་བའི་ཚིག་དང་བཅས་མཇུག་བསྡུ་བར་བྱ། ཞི་གནས་གཉུག་མར་ལྟ་བའི་མེ་ལོང་ཞེས་པ་འདི་ནི་འཇའ་ལུས་པ་འགྲོ་མགོན་གངས་རི་ཀརྨའི་སྐྱེས་རབས་ཀུན་གྱི་གྲས་མཐའ་ཚུད་པ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༡༢་ཕྱི་ཟླ་༩་ཚེས་༡༩་ལ་བྲིས་སོ། །སྨར་ཚང་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །

 

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།