སྨར་ཚང་ཚོགས་སྡེ་གཉིས་ཀྱི་ལས་རིམ་ངོ་སྤྲོད།

སྤྱིར་གོ་ལའི་སྟེང་དུ་འཚོ་གནས་བྱེད་པའི་རྐང་གཉིས་རྣམས་ཀྱིས་གནའ་རབས་ཀྱི་སྲོལ་བརྒྱུད་ཉམས་པ་སླར་གསོ་དང་མི་ཉམས་རྒྱུད་འཛིན་ཆེད་ལས་འགུལ་སྣ་ཚོགས་སྤེལ་བའི་གོམས་གཤིས་ཡོད་པ་ལྟར། དུས་རབས་ཉེར་གཅིག་པའི་འགོ་སྟོད་འདི་རྩམ་ཟས་བོད་མི་རྣམས་ཀྱང་ཡིད་མུན་སངས་ནས་ལུང་ཕྲན་སོ་སོའི་མེས་པོའི་སྲོལ་བཟང་ཆོས་དང་རིག་གཞུང་ཉམས་གསོའི་ལས་འགུལ་སྤེལ་ནས་འུར་ལང་བཞིན་པའི་དུས་སྐབས་འདི་ལ།  སྨར་ཁམས་ཀྱི་ཡུལ་དུ་སྲོལ་བརྒྱུད་ཀྱི་ཆོས་ལུགས་ཆེས་སྙན་གྲགས་ཆེ་བའི་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་འདི།  ཐོག་མ་སྨར་ཁམས་སུ་སྐུ་འཁྲུངས་པའི་ཆོས་རྗེ་སྨར་པ་ཤེས་རབ་ཡེ་ཤེས་ཀྱིས་སྲོལ་བཏོད།  བར་དུ་སྨར་ཁམས་པ་འགྲོ་མགོན་རིན་ཆེན་དང་རྒྱལ་བ་ཡང་དགོན་པ་སོགས་སྐྱེས་མཆོག་རྣམས་ཀྱིས་བསྟན་པ་འདི་སྨར་ཁམས་གསེར་མོ་ལྗོངས་ནས་ཕྱོགས་མཐའ་ཀུན་ལ་སྤེལ། མཐའ་ཉམས་པ་སླར་གསོ་དེས་ཀྱང་སྨར་ཁམས་པ་ཞིག་དང་སྨར་ཚང་གི་བསྟན་པའི་རྗེས་འཇུག་པ་དག་གིས་གསོ་དགོས་པ་འགན་འཁྲི་ཡིན་པར་མཐོང་སྟེ། 

 ཕྱི་ལོ་༢༠༠༨་ལོ་ཐེ་ཝན་ལ་སྨར་ཚང་བཀའ་བརྒྱུད་ཀྱི་རྒྱལ་ཡོངས་ཆོས་ཚོགས་བསྐྲུན་ནས་གཞུང་འབྲེལ་དེབ་སྐྱེལ་བྱས་ཤིང་།  རྒྱལ་བ་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་མཇལ་བཅར་སྐབས་སུ་སྨར་ཚང་ཉམས་གསོ་ཆེད་ཆོས་ཚོགས་གསར་བསྐྲུན་བསྐོར་སྙན་སེང་སྦྲོན་པ་ལྟར་རྟེན་འབྲེལ་ལེགས་ཚོན་གྱི་ཐུབ་དབང་སྐུ་བརྙན་ཞིག་ཀྱང་བསྩལ།
ཕྱི་ལོ་༢༠༠༩་ལོ་དབྱིན་ལེན་ལ་སྨར་ཚང་བཀའ་བརྒྱུད་སྲི་ཞུ་ཚོགས་པ་བསྐྲུན་བའི་མཛད་སྒོར་སྲིད་སྐྱོང་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྙན་སེང་སྦྲོན་པ་ལྟར་བླང་དོར་ལེགས་ཉེས་འབྱེད་པའི་བཀའ་སློབ་ལམ་སྟོན་གྱི་འཕྲིན་ཡིག་བསྩལ་བར་མཛད།  སྲི་ཞུ་ཚོགས་པ་དེ་ཕྱི་ལོ་༢༠༡༤་ལོ་དབྱིན་ལེན་སྨར་ཚང་ཆོས་ཚོགས་དང་སྦྲན་རྒྱུའི་གཏན་ཁེལ་བྱས།  ཚོགས་པ་འདི་གཉིས་ཀྱིས་ལོ་ངོ་ཧྲིལ་པོ་ལྔའི་རིང་སྨར་ཚང་གི་གདན་ས་ཤོ་ཙོམ་གཉིས་དང་དགོན་ལག་ཁག་གི་གནས་མིང་སོགས་ལོ་རྒྱུས་ཉམས་ཞིབ་ནན་པོ་བྱས་པ་དང་། སྨར་ཚང་གི་ཕྱག་དཔེདང་། བླ་སྐུ། ཐང་ཁ་སོགས་གནའ་ཤུལ་རྙིང་པ་མཁོ་སྒྲུབ་དང་བླ་མ་མཆོད་པ་སོགས་ཐང་ཁ་གསར་བཞེང་། ཕྱག་དཔེ་ཁག་དབྱིན་རྒྱ་གཉིས་ཀྱི་སྐད་ཡིག་ཐོག་ཕབ་བསྒྱུར་བྱེད་པ།  བོད་དང་རྒྱ་གར་ལ་དབུལ་ཕོངས་ཉམ་ཐག་གྱུར་པའི་ཕྲུ་གུ་དང་རྒན་རབས་ལ་རོགས་རང་བྱེད་པ་སོགས་ཁ་ཚ་དགོས་གཏུགས་ཀྱི་ལས་རིམ་མང་པོ་ལག་སྟར་བྱེད་བཞིན་པ་དང་།   ཐེ་ཝན་ལ་བོད་པ་བླ་མ་རེ་གཉིས་ཀྱིས་མུ་སྟིགས་པའི་ཆོས་བྱེད་མཁན་རྒྱ་རིགས་བུ་འུན་ཐུ་ཟེར་བ་ཞིག་གི་ལག་ནས་ཐེ་སྒོར་འབུམ་གཅིག་བླངས་ཏེ་ཆོས་རྗེ་སྨར་པའི་མིང་ཚོང་པ་ལ་བརྟེན་ནས་ཁོ་ཚོས་བོད་ཆོས་ཀྱི་མིང་འཁུར་ནས་མི་སྐྱ་ཕོ་མོ་མང་པོས་གྲྭ་ཆས་གྱོན་པ་དང་ཆང་རག་འཐུང་བ་སོགས་བོད་ཆོས་མཐོང་བརླག་པའི་ཐབས་ཇུས་རྣམས་འགོག་ཐབས་སོགས་ལས་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་བཞིན་པ་ཡིན།                 ཉམས་གསོའི་ལས་རིམ་ངོ་སྤྲོད།
མཉམ་མེད་བཀའ་བརྒྱུད་ཀྱི་གྲས་སུ་བཞུགས་པའི་སྨར་ཚང་གི་བསྟན་པ་འདི་ནི་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དེ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པ་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་ལུང་རྟོགས་ཀྱི་བསྟན་པ་གཉིས་སྤེལ་དགོས་ཤིང་།  དེ་ཡང་ཆོས་རྗེ་སྨར་པ་རིན་པོ་ཆེས་བཀའ་གདམས་པའི་གདན་ས་གཉིས་པ་གསང་ཕུ་ནེའུ་ཐང་གི་བཤད་གྲྭར་ཕེབས་ནས་ཚད་མ་རིག་པ་དང་། དབུ་ཕར། འདུ་མཛོད་སོགས་གཞུང་ལུགས་ལ་ཐོས་བསམ་རྩོད་གསུམ་མཐར་ཕྱིན་པར་མཛད།  ཕག་གྲུ་རྡོ་རྗེ་རྒྱལ་པོ་དྲུང་ནས་མཉམ་མེད་བཀའ་བརྒྱུད་པའི་སྙན་བརྒྱུད་བཀའ་བབས་བཞི་ལ་སོགས་པ་གསང་ཆོས་ཟབ་མོ་རྣམས་དང་། དཔལ་ལྡན་ས་སྐྱ་པའི་ལམ་འབྲས་སོགས་གསེར་ཆོས་ཀྱི་གདམས་ངག་ཟབ་མོ་རྣམས་བཞེས།  སླར་སྨར་ཁམས་སུ་ཕེབས་ནས་དཔལ་བཀྲ་ཤིས་དགོན་པ་ཕྱག་བཏབ་ནས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བར་མཛད།
འགྲོ་མགོན་རིན་ཆེན་གྱིས་སྨར་ཁམས་རུ་ཤོད་ལ་ཙོམ་མདོ་གནས་གསར་དགོན་པ་ཕྱག་བཏབ་ནས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བས་གདན་ས་འདི་གཉིས་ལ་ཤོ་ཙོམ་ཉི་ཟླ་ཟུང་གཅིག་ཅེས་མཚན་སྙན་དབྱར་གྱི་རྔ་གསང་གངས་ཅན་ལྗོངས་སུ་ལྡིང་།  སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་ཉི་འོད་སེམས་ལ་ཕོག་པའི་སྐྱེ་འགྲོ་རྣམས་སྒྲིབ་གཉིས་ཀྱི་མུན་པ་སངས་ཤིང་སྨིན་གྲོལ་གྱི་ས་ལ་བཀོད།  དེ་ལྟ་བུ་བསྟན་པ་འདི་སྐྱར་གསོ་དགོས་ཚེ་ཆོས་རྗེ་སྨར་པ་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་ཚད་མ་རིག་པ་སོགས་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་གསུམ་གྱི་ཕྱག་སྲོལ་ལྟར་བསྒྲུབ་ཐུབ་པའི་དམིགས་ཡུལ་འཛིན་ནས་བཀོད་བསྒྲིག་བྱེད་མུ་ཡིན། དེ་ཡང་ཚད་མ། དབུ་ཕར་འདུ་མཛོད་སོགས་རྒྱ་གཞུང་རྩ་འགྲེལ་གྱི་ཁྲིད་ལུང་ཆོས་བརྒྱུད་ཁག་ནས་ཚུར་བླང་པ་དང་། བོད་གཞུང་རྩ་འགྲེལ་དངུལ་ཆུ་ཐོག་མེད་ཀྱི་གཞུང་སོགས་ཀྱི་ཁ་བསྐང་བྱ་རྒྱུ་དང་། བློ་རྟགས་བསྡུས་གསུམ་སོགས་ཉེ་བར་མཁོ་བའི་རིགས་འགའ་ཞིག་རང་ཉིད་གང་ཐུབ་ཁ་བསྐང་ནས་ཡུལ་དུས་རན་པོ་བྱུང་ཚེ་བཤད་གྲྭ་འཛུགས་རྒྱུའི་ལས་དོན་སྒྲིབ་བཞིན་ཡོད།         
 སྨར་ཚང་སྔགས་ཉམས་གསོའི་འཆར་བཀོད།།
ཆོས་རྗེ་སྨར་པ་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་གསང་སྔགས་ཀྱི་ཉམས་ལེན་བཀའ་བརྒྱུད་དང་ས་སྐྱ་ཟུང་འབྲེལ་ཡིན་པ་ལྟར་སླར་གསོ་རྒྱུད་སྐྱོང་གི་ལས་དོན་དེ་བཞིན་བསྒྲུབ་ན་ཆོས་རྗེ་བླ་མ་དགྱེས་པའི་མཆོད་སྤྲིན་འགྱུར་ངེས་པས།  སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོག་དང་ཤིང་གི་སྡོང་པོ་ལྟ་བུ་རི་ཆོས་དང་ཕྱག་ཆེན་མན་ངག་རྒྱ་མཚོ་གཉིས་ཀྱི་ཁྲིད་ལུང་བརྒྱུད་འཛིན་ཐུབ་ཡོད།  སྔགས་ཕྱོགས་ཀྱི་ཁ་སྐོང་དགོས་པ་རྣམས་བདེ་གཤེགས་ཕག་གྲུའི་དཀྱིལ་འཁོར་གཅིག་གི་སྟེང་དུ་བཞུགས་པའི་འབྲུག་པ་དང་འབྲི་གུང་གང་རུང་ནས་ཆོས་དྲུག་སོགས་ཀྱི་བརྒྱུད་པ་རྣམས་བླང་ཆོག་པ་ཡིན།  ཕྱིས་སུ་འབྲུག་པ་དང་སྨར་ཚང་བར་འབྲེལ་བ་ཤུགས་ཆེར་བྱུང་བའི་རྐྱེན་གྱིས་སྨར་ཁམས་ཕྱོགས་སུ་འབྲུག་པ་དང་སྨར་ཚང་ཟུང་འབྲེལ་གྱི་དགོན་པ་ཡང་བྱུང་མྱོང་བའི་སྲོལ་བཟང་ལ་བསྟུན་ནས་ཁོ་བོས་ཀྱང་རྟོགས་ལྡན་ཨ་འཕྲིན་རིན་པོ་ཆེའི་ཞལ་ནས་འབྲུག་པས་བརྒྱུད་འཛིན་བྱས་པའི་བཀའ་བརྒྱུད་ཀྱི་གདམས་ཆོས་མི་ཉུང་བ་ཞིག་ཐོབ་ཀྱང་ད་དུང་བླང་དགོས་པའི་རིགས་རྣམས་འབད་བརྩོན་བྱེད་མུ་ཡིན།  དཔལ་ལྡན་ས་སྐྱ་པའི་ཆོས་བསྐོར་ནི་འཇམ་དབྱངས་མིའི་གཟུགས་སུ་བཞེངས་པའི་༧གོང་མ་རྡོ་རྗེ་འཆང་གི་ཞལ་ནས་བདེ་མཆོག་ལྰུ་ནག་དྲིལ་གསུམ་གྱི་དབང་དང་མཁའ་སྤྱོད་བསྐོར་གསུམ་གྱི་དབང་སོགས་ས་སྐྱའི་མན་ངག་རྣམས་དང་། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱལ་མཚན་གྱི་ཞལ་སྔ་ནས་གསེར་ཆོས་རྣལ་འབྱོར་མ་སོགས་དབང་ལུང་ཁྲིད་གསུམ་ཐོབ་པ་རྣམས་ཀྱིས་ཁ་སྐོང་ཆོག་པ་ཡིན།  ཕྱིས་སུ་སྨར་ཚང་འདི་རྙིང་མ་དང་འབྲེལ་བ་བྱུང་རྐྱེན་ནི་ཆོས་རྗེ་སྨར་པ་དང་ཀཿཐོག་དམ་པ་བདེ་གཤེགས་གཉིས་ཕག་གྲུའི་ཞལ་སློབ་ཡིན་པས་ཆོས་རྗེ་བཞུགས་དུས་ཀཿཐོག་དང་སྨར་ཚང་གཉིས་ཀྱི་བར་ཆོས་འབྲེལ་ཤུགས་ཆེ་ཡོད་པས།  ཀཿ་ཐོག་རིམ་བཞིན་རྙིང་མར་འགྱུར་ཡང་སྨར་ཚང་ཕྱག་ཆེན་གྱི་ཁྲིད་ལུང་བརྒྱུད་སྐྱོང་མཛད་པ་དེ་སླར་རང་སྲོལ་ལྟར་བླངས་ཡོད། 
སྨར་ཚང་གི་ཕྱག་ལས་ཉམས་གསོའི་འཆར་བཀོད།
སྤྱི་རྒྱ་གར་འཕགས་པའི་ཡུལ་དུ་མཁས་གྲུབ་ཉི་ཟླ་ལྟར་བྱོན་པ་རྣམས་དང་བོད་དུ་གུ་རུ་དང་མཁན་ཆེན་ཡབ་སྲས།  ས་ཆེན་ཡབ་སྲས་དང་། མར་མི་ཡབ་སྲས་དང་། རྗེ་ཡབ་སྲས་རྣམས་ཀྱིས་གདུལ་བྱ་སོ་སོའི་བློ་དང་མཐུན་པའི་ལྟ་སྒོམ་སྤྱོད་གསུམ་ནན་ཏན་གསུངས་པ་ལས་འདོན་ཆོག་བྲིས་པ་གཅིག་ཀྱང་མེད།  ཕྱིས་སུ་ཆོས་བརྒྱུད་སོ་སོའི་བརྒྱུད་འཛིན་གྱི་བླ་མ་རྣམས་ཀྱིས་ཡུལ་ལུང་གི་གོམས་གཤིས་ལ་ལྟོས་ནས་བསྐང་གསོ་སོགས་འདོན་ཕྱག་ལས་བྲིས་པ་ཇི་མང་དུ་མཆིས་ཤིང་།    སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་འདི་དར་བའི་དུས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་བསྟན་པ་ལྟར་ཐོས་བསམ་མཐར་ཕྱིན་པ་དང་བྲག་སུལ་རི་སུལ་ལ་འཛུལ་ནས་སྒོམ་སྒྲུབ་ཀྱི་ཚེ་མཐར་སྐྱེལ་བས།  དབང་བསྐུར་ཆོས་བཤད་དང་རིམ་གྲོའི་ཕྱག་ལས་སོགས་མི་མང་ལ་ཉེ་བར་མཁོ་བའི་རིགས་བྲིས་མེད་པ་ལྟ་བུ་སྣང་།  ཆོས་རྗེ་ཉིད་ཀྱིས་མགོན་པོ་བྱ་རོག་ལ་བསྟོད་པ་གཅིག་མ་གཏོགས་བསྐང་གསོ་བྲིས་པའི་རྣམ་ཐར་གང་དུ་གསལ་ཁ་མེད།  འོན་ཏེ་ད་ལྟ་སྨར་ཚང་ཉམས་གསོ་བྱེད་ན་དུས་རབས་ཀྱི་འགྲོས་ལ་བསྟུན་དགོས་པས་ཁོ་བོས་སྨར་ཚང་གི་ཆོས་སྲུང་གསུམ་གྱི་བསྐང་གསོ་དང་།  སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་དང་འབྲེལ་བའི་སྦྱོང་བ།  སྨན་བླའི་ཆོ་ག  སྒྲོལ་ཆོག  ཕྱག་རྡོར་སྒྲུབ་ཐབས།  སྨར་ཚང་བླ་མཆོད།  བཅུད་ལེན་སྒྲུབ་ཐབས་ཁག་གཉིས་སོགས་ཉེ་བར་མཁོ་བའི་ཕྱག་ལས་མི་ཉུང་བ་ཞིག་བྲིས་ནས་ད་ལྟ་ཐེ་ཝན་དང་དབྱིན་ལེན་གྱི་སློབ་མ་རྣམས་ཀྱིས་ལག་སྟར་བྱེད་མུ་ཡིན།   བོད་ཀྱི་ཆོས་ལུགས་ཁག་གི་ལོ་རྒྱུས་ཉམས་ཞིབ་བྱས་དུས་སོ་སོའི་སྡེ་ཚན་ནང་དུ་དབང་ལུང་མན་ངག་སོགས་ཁྲིད་ལུང་བརྒྱུད་པ་ཉམས་པ་རྣམས་ཕྱོགས་གཞན་ནས་བླངས་ཏེ་ཉམས་གསོ་བྱས་པ་ཆེས་མང་པོ་ཡིན་ལ།   དུས་ད་ལྟ་ཡང་ཆོས་བརྒྱུད་སོ་སོའི་ནང་ཆད་ཟིན་པ་རྣམས་གཞན་ནས་ཚུན་བླངས་དང་བླང་བཞིན་པ་ཡིན་པས་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་ཉམས་གསོ་འདིས་ཀྱང་བོད་པའི་ཆོས་ལུགས་ཉམས་གོས་དང་ཡོངས་སུ་མཐུན་པ་ཞིག་ཡིན།   ཚོགས་སྡེ་གཉིས་ཀྱིས་ད་ལྟ་གློ་བུར་རྒྱ་བལ་འབྲུག་གསུམ་གང་རུང་ཞིག་ལ་སྨར་ཚང་དགོན་པ་ཞིག་བཏབ་ནས་རྔ་བརྡུང་རིམ་གྲོ་བྱེད་མཁན་གྲྭ་བཙུན་འགའ་ཞིག་བསྒྲུབ་སྟེ་སྨར་ཚང་འདི་ཡིན་ཟེར་རྒྱུའི་དམིགས་ཡུལ་མེད།  དམིགས་ཡུལ་དང་པོ་ཤོ་དགོན་གྱི་གནས་བཤུས་དེ་ཚན་རིག་གིས་དཔྱད་ཞིབ་མཐུན་པ་ཞིག་རྙེད་མཚམས་སུ་ཡུལ་དེར་ཤོ་དགོན་ཉམས་གསོ་ཐུབ་ཐབས་བྱ་རྒྱུ་རིམ་པ་དང་པོ་ཡིན།  ལྷ་སའི་ཉེ་འགྲམ་ཞིག་ལ་བཤད་གྲྭ་འཛུགས་སྐྲུན་ཐུབ་ཐབས་ལ་འབད་འབུངས་བྱ་རྒྱུ་ནི་རིམ་པ་གཉིས་པ་ཡིན།  དེང་སང་སྨར་ཚང་བཀའ་བརྒྱུད་ཀྱི་ཆེད་དུ་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་སྐྱེས་མཁན་རེ་གཉིས་ཡོང་གི་འདུག་པས་རང་རང་གི་ལས་འགན་གང་ཡིན་བསྒྲུབ་ཆོག་པ་ལས་ལྷ་ཁང་ནང་དུ་འདྲེ་ལག་བརྐྱང་ན་དགོས་མེད་ཀྱི་རྙོག་ལས་འཕར་མ་ཡིན་པར་མཁྱེན་པར་མཛོད།  འདི་བདག་དབང་སྨར་ཚང་ལས་ཁུངས་ལ་ཡོད་པས་ཕབ་བཤུས་མི་ཆོག་པར་མཁྱེན་པར་མཛོད།




 


༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།