འགྲོ་མགོན་སྨར་ཚང་བཀའ་བརྒྱུད།
ཆོས་རྗེ་སྨར་པ་རིན་པོ་ཆེ་ཤེས་རབ་ཡེ་ཤེས་མཆོག་སྐུ་ཆུང་དུས་ནས་བཀའ་གདམས་པའི་དགེ་བཤེས་སྒོམ་རྒྱ་བ་ཤེས་རྒྱལ་མཚན་དང་དགེ་བཤེས་ཤེས་རབ་གྲགས་པ་ལས་རབ་ཏུ་བྱུང་ཞིང་། སྐུ་ན་སོན་དུས་དབུས་སུ་ཕེབས་ནས་བཀའ་གདམས་པའི་གདན་ས་གསང་ཕུ་ནེའུ་ཐང་གི་བཤད་གྲྭའི་ཚད་མ་ལ་མཁས་པ་དགེ་བཤེས་ཕྱྭ་བ་ཆོས་ཀྱི་སེངྒེ་དང་། དབུ་མ་ལ་མཁས་པ་དགེ་བཤེས་གཙང་ནག་པ་བརྩོན་འགྲུས་སེངྒེ་། འདུལ་བ་ལ་མཁས་པ་དགེ་བཤེས་བྱ་འདུན་འཛིན་པ་བརྩོན་འགྲུས་འབར་སོགས་བཀའ་གདམས་པའི་མཁས་གྲུབ་མང་པོའི་ཞལ་ལས་ཚད་མ། འདུ་བ། མཛོད། ཤེས་ཕྱིན། དབུ་མ་སོགས་གཞུང་ཆེན་ཁག་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་པ་ཆེན་པོར་གྱུར། རྗེ་ཕག་གྲུ་སོགས་བླ་མ་མང་པོའི་ཞལ་ལས་བཀའ་བརྒྱུད་པ། ས་སྐྱ་པ། ཞི་བྱེད་པ། རྙིང་མ་པ་སོགས་ཀྱི་གསང་སྔགས་ཀྱི་ཆོས་བསྐོར་མང་པོ་གསན་ནས་སྒོམ་སྒྲུབ་བྱས་པས་གྲུབ་རྟགས་ཐོན།
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་ཚོགས་ཞིང་བླ་མ་མཆོད་པ་བཞུགས་སོ། །
ཆོས་རྗེ་སྨར་པ་རིན་པོ་ཆེ་ཤེས་རབ་ཡེ་ཤེས་མཆོག་སྐུ་ཆུང་དུས་ནས་བཀའ་གདམས་པའི་དགེ་བཤེས་སྒོམ་རྒྱ་བ་ཤེས་རྒྱལ་མཚན་དང་དགེ་བཤེས་ཤེས་རབ་གྲགས་པ་ལས་རབ་ཏུ་བྱུང་ཞིང་། སྐུ་ན་སོན་དུས་དབུས་སུ་ཕེབས་ནས་བཀའ་གདམས་པའི་གདན་ས་གསང་ཕུ་ནེའུ་ཐང་གི་བཤད་གྲྭའི་ཚད་མ་ལ་མཁས་པ་དགེ་བཤེས་ཕྱྭ་བ་ཆོས་ཀྱི་སེངྒེ་དང་། དབུ་མ་ལ་མཁས་པ་དགེ་བཤེས་གཙང་ནག་པ་བརྩོན་འགྲུས་སེངྒེ་། འདུལ་བ་ལ་མཁས་པ་དགེ་བཤེས་བྱ་འདུན་འཛིན་པ་བརྩོན་འགྲུས་འབར་སོགས་བཀའ་གདམས་པའི་མཁས་གྲུབ་མང་པོའི་ཞལ་ལས་ཚད་མ། འདུ་བ། མཛོད། ཤེས་ཕྱིན། དབུ་མ་སོགས་གཞུང་ཆེན་ཁག་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་པ་ཆེན་པོར་གྱུར། རྗེ་ཕག་གྲུ་སོགས་བླ་མ་མང་པོའི་ཞལ་ལས་བཀའ་བརྒྱུད་པ། ས་སྐྱ་པ། ཞི་བྱེད་པ། རྙིང་མ་པ་སོགས་ཀྱི་གསང་སྔགས་ཀྱི་ཆོས་བསྐོར་མང་པོ་གསན་ནས་སྒོམ་སྒྲུབ་བྱས་པས་གྲུབ་རྟགས་ཐོན།
སླར་སྨར་ཁམས་སུ་ཕེབས་ནས་རི་ཤོད་འདམ་སྟེང་གི་རི་བོ་སྒྲོལ་མ་འདྲ་བའི་དབྱིབས་ཅན་གྱི་ངོས་སུ་ཕྱི་ལོ་༡༡༦༧་མེ་ཕག་ལོ་གདན་ས་ཆེན་པོ་དཔལ་བཀྲ་ཤིས་དགོན་པ་ཕྱག་བཏབ། ཕྱྭ་བ་ཆོས་ཀྱི་སེང་གེས་མཛད་པའི་རིག་ལམ་སྒོ་འཕར་འབྱེད་པའི་བསྡུས་གྲྭ་དང་། གཞུང་ཆེན་མོ་ཚད་མ། འདུ་བ། མཛོད། ཤེས་ཕྱིན་གྱི་གཞུང་། དབུ་མ་སོགས་ཀྱི་རྩ་བ་དང་། འཕགས་བོད་མཁས་པའི་འགྲེལ་པ་རྣམས་ལ་ཐོས་བསམ་སྒོམ་གསུམ་གྱི་སྲོལ་བཏོད། སྔགས་ལུགས་ལ་བཀའ་བརྒྱུད་པ། ས་སྐྱ་པ། ཞི་བྱེད་པ། རྗོགས་ཆེན་སོགས་ཀྱི་གསང་སྔགས་ཀྱི་ཆོས་བསྐོར་རྣམས་གདུལ་བྱ་སོ་སོའི་བློ་རིག་ལ་བསྟུན་ནས་རིགས་གཅིག་རྐང་འཛིན་ལྟ་བུ་གདམས་ཆོས་སྦྱིན་པའི་སྲོལ་བཏོད། དེ་ལྟར་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་གྲུབ་པ་དང་མི་ཚེ་ཧྲིལ་པོ་རི་ཡི་སུལ་དང་། བྲག་གི་ཕུག་པ། ཤིང་གི་དྲུང་དུ་སྒོམ་སྒྲུབ་ལ་རྩེ་གཅིག་གཞོལ་བས་རླུང་སེམས་དབང་བསྒྱུར་གྱི་གྲུབ་ཐོབ་དང་རྟོགས་ལྡན་བགྲངས་བྱ་ལས་འདས་པར་བྱོན། དགེ་འདུན་པས་རྔ་རྡུང་བུམ་དཀྲོག་དང་། ཀླུ་མཆོད། ལྷ་འབོད། དབང་བསྐུར་རོ་བསྲེག་སོགས་ཆོས་ཁྲིམས་དང་འགལ་བའི་རིགས་ཡོངས་སུ་བཀག་པར་མཛད། དེ་ནི་རྗེ་ཕག་གྲུ་དང་ཞལ་བྱེ་ཁར་སླབ་བྱ་དང་ལུང་བསྟན་ཞུས་དུས། དབང་བསྐུར་དང་རོ་བསྲེག་ཆོག་མ་བྱེད་ཅེས་བཀའ་བཞིན་ཞུ་བར་མངོན། གདན་ས་འདི་ཐོས་བསམ་སྒོམ་གསུམ་ལ་བརྩོན་པའི་དགེ་འདུན་གཉིས་སྟོང་ནས་རིམ་བཞིན་ཁྲི་ལས་བརྒལ་བར་བྱུང་བས་སྨར་ཚང་བཀའ་བརྒྱུད་ཅེས་སྙན་གྲགས་ཀྱི་ཆོས་དུང་མ་བོས་རང་གྲགས་སུ་གྱུར།
རྗེ་འགྲོ་མགོན་རིན་ཆེན་གྱིས་ཕྱི་ལོ་༡༢༠༠
ལོ་སྨར་ཁམས་རི་ཤོད་ཙོམ་མདོ་ཞེས་པའི་གནས་རི་ནོར་བུ་སྤུངས་པ་ལྟ་བུ་ཞིག་ལ་དགོན་པ་བཏབ་པས་ཙོམ་མདོ་གནས་གསར་དགོན་པ་ཞེས་གྲགས།
གདན་ས་འདིས་ཐོས་བསམ་སྒོམ་གསུམ་སོགས་ཆོས་ཁྲིམས་ཐམས་ཅད་རྗེ་སྨར་པའི་དགོངས་པ་ཇི་བཞིན་བསྐྱངས་པར་མཛད།
དགེ་འདུན་སྟོང་ཕྱེད་གཉིས་ལས་བརྒལ་བར་བྱུང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤྲིང་ཡིག་ལས་སྨར་ཁམས་ཙོམ་མདོ་གནས་གསར་གཙུག་ལག་ཁང་ཞེས་བྲིས་སྲོལ་ཡོད། གདན་ས་ཆེན་པོ་འདིའི་དགོན་ལག་སྨར་ཁམས་ཀྱི་ཡུལ་དུ་ས་ཁྱབ་རྡོ་དར་གྱུར་ཞིང།
གཞན་ཡང་ཉག་རེ། གོ་འཇོ། སྡེ་དགེ འབའ་ཐང། ལི་ཐང་། མི་ཉག ཁ་བ་དཀར་པོ།
འཇང་ཐང་། རྒྱལ་ཐང་། ས་ཐང་། རྒྱ་ནག་རི་པོ་རྩེ་ལྔ་སོགས་ལ་དར། འཇམ་མགོན་ས་པཎྜི་ཏ་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྣམ་གཉིས་ཀྱིས་གཟིགས་པ་ཆེན་པོ་མཛད་པས་བཀྲ་ཤིས་ཤོ་དགོན་དང་ཙོམ་མདོ་གནས་གསར་དགོན་པ་གཉིས་ལ་ཤོ་ཙོམ་ཉི་ཟླ་ཟུང་གཅིག་ཅེས་མཚན་སྙན་དབྱར་གྱི་རྔ་གསང་འཛིན་མའི་ཞིང་འདི་གྲགས་པ་ཡིན་ཏེ།
ས་སྐྱ་པཎ་ཆེན་གྱིས་འགྲོ་མགོན་རིན་ཆེན་ལ་སྤྲིངས་ཡིག་ལས།
དམ་པའི་གདན་ས་དགོས་འདོད་འབྱུང་བའི་གཞི། །རྟོགས་ལྡན་འཕགས་པའི་ཚོགས་ཀྱིས་རབ་གང་བ།
།གྲུབ་པའི་གནས་མཆོག་ཤོ་དགོན་དབེན་གནས་སུ།
།བཞུགས་པའི་འགྲོ་མགོན་རིན་ཆེན་ཕྱག་ཏུ་འབུལ། །ཞེས་གསུངས་པ་ལྟར། མཁས་པ་གཡུ་འབྲུག་སྔོན་མོ་གནམ་ལ་ལང་འདྲ།
སྒོམ་ཆེན་སེང་གེ་དཀར་མོ་གངས་ལ་འགྱེལ་འདྲ། ས་ཐོབ་སེམས་དཔའ་ཆེན་པོ་སྐར་ཚོགས་ཤར་འདྲ། རྟོགས་ལྡན་ཐང་དཀར་རྒོད་པོ་མཁའ་ལ་འཕུར་འདྲ།
དགེ་འདུན་ངང་པའི་རྒྱལ་པོ་མཚོ་ལ་འཁོར་འདྲ་བྱུང་བའི་གྲུབ་མཐའ་ཞིག་ཏུ་གྱུར།
སྨར་ཚང་བཀའ་བརྒྱུད་འདི་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་འཕྲད་ནས་སྟོང་ལ་ཉེ་བའི་དུས་འདི།
རྗེས་འབྲང་པ་ཚོས་ཉམས་གསོའི་ལས་འགན་ཕྲག་ཏུ་ཕབ་ནས་བསྟན་པའི་མེ་རོ་གསོ་བའི་དུས་ལ་སྨར་ཚང་གི་བརྒྱུད་པ་ལ་ཀུན་སློང་ངན་པ་བསྐྱངས་ནས་གཞི་མེད་འུར་གཏམ།
གཟུགས་མེད་གྲིབ་བཟོ་བྱས་པར་རགས་འཕྲོད་མི་སྲིད་པས་བཤད་བྱ་ཅི་ཡང་མ་མཆིས། བློ་གཟུར་བོ་གནས་པའི་དོན་གཉེར་ཅན་དག་གི་ཐུགས་དོགས་སེལ་ཕྱིར་སྡེ་ཚན་ལྔ་དབྱེར་ནས་ལེན་འདེབས་ཕུལ་ཡོད་པས་གཟིགས་པར་མཛོད།
སྨར་ཚང་ལ་གྱོང་གུད་བྱུང་རིམ།
སྨར་ཚང་ཉམས་གསོ་འོས་པ། གཞི་མེད་སྐྱོན་བརྗོད།
བདེན་པ་རགས་སྤྲོད། བརྒྱུད་པའི་ཆུ་བོ་དྲུག་འདྲིས།
ཆོས་ལུགས་ཐ་སྙད་ལ་ཅུད་ཟད་དཔྱད་པ།
དང་པོ་ནི། གཙང་པ་རྒྱལ་པོ་དང་དགེ་ལུགས་པའི་བར་འཐབ་འཛིང་ཡུན་རིང་བྱུང་བའི་རྗེས་སུ་གོང་ས་ལྔ་པའི་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་སོག་པོ་རྒྱལ་པོ་གུ་ཤཱི་ཁང་གི་དམག་དཔུང་རོགས་སྦྲན་ཏེ།
བཀའ་བརྒྱུད། ས་སྐྱ། རྙིང་མ། ཇོ་ནང་སོགས་དགོན་སྡེ་མང་པོ་གཏོར་ནས་དགེ་ལུགས་སུ་བསྒྱུར་པའི་ཁྲོད་དུ།
ཕྱི་ལོ༡༦༣༩་ལོར་སོག་དམག་སྨར་ཁམས་སུ་སླེབས་ནས་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་བཀྲ་ཤིས་ཤོ་དགོན་ལ་ལོ་ཉི་ཤུའི་རིང་དམག་སྒར་བྱས།
སྐབས་དེར་སོག་པོས་སྨར་ཚང་བཀའ་བརྒྱུད་ཀྱི་བླ་མ་དང་གྲྭ་པ་མང་པོ་བསད་པ་དང་དགོན་པའི་མཆོད་རྫས་རིན་ཐང་བྲལ་བ་རྣམས་བཅོམ་པ་ནི་རིགས་གནས་གསར་བརྗེ་དང་པོ་དེ་ཡིན།
ཕྱི་ལོ་༡༩༥༩་ལོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་སར་བཙན་བཟུང་བྱས་ནས་ཆོས་དང་རིགས་གཞུང་ཤུལ་མེད་བཟོ་བའི་ལས་འགུལ་འཚབ་ཆེན་གྱི་ཁྲོད་དུ་སྨར་ཚང་གི་ཡིག་ཆ་ཅུང་ཟད་ལྷག་པ་རྣམས་འཐོར་བཤིག་ཏུ་སོང་བ་དང་། སྒོམ་སྒྲུབ་ཉམས་ལེན་པ་རྣམས་བསད་པ་སོགས་ནི་རིགས་གནས་གསར་བརྗེ་གཉིས་པ་དེ་ཡིན།
གཞན་ཡང་སྨར་ཚང་གི་རྗེས་འབྲང་ཚོས་འཇོན་ཐང་ཞན་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བསྟན་པ་འདི་ཉམས་སོང་བར་མངོན་གསལ་དོན་པོར་གྱུར་ཡོད།
གཉིས་པ་སྨར་ཚང་ཉམས་གསོ་འོས་པ། སྤྱིར་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞི་ཀའི་མདོ་སྔགས་གཉིས་ཀྱི་བརྒྱུད་པ་དང་མན་ངག་ཕལ་ཆེར་རྒྱ་གར་ནས་ཁུར་ཡོང་བ་ཤ་སྟག་ཡིན་ལ།
ཡི་དམ་ལྷའི་དབང་ལུང་མན་ངག་ཡོངས་རྫོགས་རྒྱ་གར་ནས་ཁུར་ཡོང་བ་ལས་བོད་པས་གསར་བཟོས་བྱས་པའི་ཡི་དམ་གཅིག་ཀྱང་མེད།
རྒྱུ་མཚན་དེས་ན།
བོད་དུ་དར་བའི་གསང་སྔགས་བསྟན་པའི་སྡོང་པོ་མ་སྐམ་གྱི་བར་ས་དགེ་བཀའ་རྙིང་བཞིའི་བརྒྱུད་པ་ཆད་མི་སྲིད་པའི་གནས་དོན་འདི་རྟོགས་ཐུབ་ན་དོགས་པ་སྣང་རྟོག་མང་པོ་ཞིག་དོན་གྱི་ཆ་ནས་སེལ་ཐུབ་པ་ཡིན།
བྱེ་བྲག་ཏུ་མར་མེ་དྭགས་གསུམ་གྱི་གསང་ཆོས་ཀྱི་སྡོང་པོ་མ་ཆད་ཀྱི་བར།
ཕག་གྲུ། འབའ་རོམ། ཚལ་པ། ཀཾ་ཚང་། སྨར་ཚང་། ཡེལ་པ། ཁྲོ་ཕུ། འབྲི་གུང་། ཤུག་གསེབ། སྟག་ལུང་།
འབྲུག་པ། གཡའ་བཟང་བཅས་བརྒྱུད་པ་གཅིག་ལས་བྱེ་བའི་ཆོས་སྡེ་བཅུ་གཉིས་ཀྱི་བརྒྱུད་པ་ཕྱོགས་གང་ས་ནས་མཐུད་སྦྱར་ཆོག་པས་ཆད་མི་སྲིད།
བོད་དུ་མདོ་སྔགས་ཀྱི་བསྟན་པ་འདི་དར་ནས་བཟུང་བླ་རབས་གོང་མ་ནས་འོག་མ་ལ་མཐུད་སྦྱར་ནས་ཉམས་པ་སླར་གསོས་ཀྱི་ལམ་སྲོལ་དང་གོམས་བཤིག་བརྒྱུད་དེད་ནས་ད་ལྟའི་བར་སླེབས་ཡོད་པས།
འབྱུང་འགྱུར་མ་འོངས་པ་ཡང་གདམ་ཁ་དེ་ལས་གཞན་མེད་པར་དངོས་མཐོང་ལག་ཟིན་ཏུ་གྱུར་པའི་གནས་ལུགས་འདི་ཤེས་ན་དོགས་གཞི་ཐམས་ཅད་སེལ་ངེས་ཡིན།
ལྷག་དོན་དུ་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་འདི་འཚོ་གནས་ཐུབ་དང་མི་ཐུབ་ནི་རྩ་བའི་སྡོང་པོ་བཀའ་གདམས་པ།
བཀའ་བརྒྱུད་པ། ས་སྐྱ་པ། ཞི་བྱེད་པ། རྫོགས་ཆེན་པ་ལ་ཐུག་ཡོད།
དང་པོ་བཀའ་གདམས་པའི་མདོ་ཕྱོགས་ཀྱི་ཁྲིད་ལུགས་བརྒྱུད་པ་ཇི་སྲིད་གནས་ཀྱི་བར་སྨར་ཚང་བཀའ་བརྒྱུད་པའི་ལམ་རིམ་གྱི་བསྟན་པ་གནས་ཐུབ་ངེས་ཡིན་པས་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་མི་མཛད་པར་ཞུ།
འདི་འགྲོ་མགོན་སྨར་ཚང་བཀའ་བརྒྱུད་པའི་ལྟ་གྲུབ་ཀྱི་གཞི་མ།
ཕ་ཆོས་གསེར་གྱི་སྡོང་པོ་སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོའི་བརྒྱུད་པ་གསེར་རིའི་ཕྲེང་བ་སྒྲིག་པ་ལྟར་བཞུགས་ཚུལ་ངོ་སྤྲོད་ཟུར་ཙམ་ཞུ་ན། དེ་ཡང་ཆོས་རྗེ་སྨར་པ་རིན་པོ་ཆེས་སྐུ་ཚེ་ཧྲིལ་པོར་སྒོམ་སྒྲུབ་ཀྱི་ཉམས་རྟོགས་ཀློང་དུ་བརྡོལ་བའི་གདམས་ངག་ཀུན་གྱི་ཡང་སྙིང་ཕྱག་ཆེན་མན་ངག་རྒྱ་མཚོ་དང་།
རི་ཆོས་ཡོན་ཏན་ཀུན་འབྱུང་སོགས་སྲས་ཀྱི་ཐུ་བོ་འགྲོ་མགོན་རིན་ཆེན་དང་རྒྱལ་བ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན་གཉིས་ལ་སྙན་བརྒྱུད་དུ་བསྩལ་བར་མཛད།
སྙན་བརྒྱུད་ཟབ་མོ་དེ་དག་རྒྱལ་བ་ཡང་དགོན་པའི་སྲས་ཀྱི་ཐུ་བོ་སྤྱན་སྔ་བ་བྱང་ཆུབ་གྲགས་པའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་དབུ་རྩེ་བ་བསོད་ནམས་ཡེ་ཤེས་ཀྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
རྗེ་འདི་ལ་སྤྲུལ་སྐུ་རིན་ཆེན་གླིང་པ།
སངས་རྒྱས་རིན་ཆེན་རྒྱལ་མཚན་ཞེས་ཞུ་སྲོལ་ཡང་ཡོད། དེའི་ཐུགས་སྲས་འོད་ཟེར་བླ་མའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་དཀོན་མཆོག་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་ཆོས་ཀྱི་རྡོ་རྗེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་ཡེ་ཤེས་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
ཡེ་ཤེས་རྒྱལ་མཚན་གྱིས་སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོ་འདི་སྙན་བརྒྱུད་ནས་ཡིག་ཐོག་ཏུ་ཕབ་པའི་ཤོག་གྲངས་ལྔ་བརྒྱ་ཉེར་ལྔ་ཙམ་ཡོད་པ་འདི།
དེའི་ཐུགས་སྲས་རྒྱལ་མཚན་སེངྒེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་དཀོན་མཆོག་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་དཀོན་མཆོག་རྡོ་རྗེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཤཱཀྱ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་བྱང་ཆུབ་སེངྒེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་བཀྲ་ཤིས་རྒྱལ་མཚོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་སྟོན་པ་སེངྒེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་རྡོ་རྗེ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་སངས་རྒྱས་བཀྲ་ཤིས་ཀྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་ཆོས་ཉིད་རྒྱ་མཚོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་པདྨ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་ཐུབ་པ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་བླ་མ་ཐེག་མཆོག་གི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་བསྟན་པའི་ཉི་མའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་ཆོས་ཀྱི་དབང་པོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་ལུང་རྟོགས་རྒྱ་མཚོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་སྐྱིད་ལུང་མཁས་མཆོག་གི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་ཆོས་ཀྱི་བློ་གྲོས་ཀྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་དཀོན་མཆོག་ཆོས་འཕེལ་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་ཡོན་ཏན་མགོན་པོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་པདྨ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་བླ་མ་ཚེ་རིང་ཆོས་འཕེལ་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུགས་སྲས་མཁན་ཆེན་ལེགས་བཤད་འབྱོར་ལྡན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།
དེའི་ཐུསག་སྲས་རྒྱལ་མཚན་འོད་ཟེར་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་འཇམ་དབྱངས་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན་ནས་ཉམས་སུ་བླངས་པས་རྟོགས་པ་ནམ་མཁའ་དང་མཉམ་པའི་གྲུབ་པའི་དབང་ཕྱུག་མང་དུ་བྱོན་ཞིང།
འདི་ལ་བརྒྱུད་པ་གཉིས་ཡོད་པས་བརྒྱུད་པ་གཞན་གཅིག་ནི་སྟག་བླ་ནས་བརྒྱུད་པ་རིམ་བཞིན་གཏེར་སྟོན་བདུད་འདུལ་གླེང་པ་དང་ཁྲོ་རུ་འཕྲིན་ལས་རྒྱ་མཚོས་འཇའ་ལུས་པ་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་ལ་གནང་།
དེའི་ཐུགས་སྲས་ཆོས་གྲགས་རྒྱ་མཚོ་ལ་གནང་བ་དེ་ཡིན།
གོང་ཞུས་ཀྱི་བླ་མ་བརྒྱུད་པའི་ཐང་ཀ་བཞེངས་པ་དང་ཆོས་རྗེ་སྨར་པའི་སྐུ་འདྲ་བཞེངས་པ།
སྨར་ཚང་གི་ཕྱག་ལས་འདོན་རྟ་དབྱངས། སྨར་ཚང་ལམ་རིམ་ཆེན་འབྲིང་ཆུང་གསུམ།
སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོ་སོགས་དབྱིན་རྒྱ་གཉིས་ཀྱི་སྐད་ཡིག་ཐོག་ཕབ་བསྒྱུར་དང་།
ལམ་རིམ་ཐོས་བསམ་སྒོམ་གསུམ། ཕྱག་ཆེན་དབང་ལུང་ཁྲིད་གསུམ་འཆད་སྤེལ་གྱི་ལས་རིམ་སྒྲིག་བཞིན་པ་ཡིན།
གསུམ་པ་སྨར་ཚང་གི་བརྒྱུད་པ་ལ་གཞི་མེད་སྐྱོན་བརྗོད།
སྨར་ཚང་བཀའ་བརྒྱུད་ཀྱི་བརྒྱུད་པ་གཞན་ལ་འདྲེས་པ་དང་ཆད་པ། ཐིམ་པ་ཟེར་བའི་གཞི་མེད་བཀྲོག་གཏམ་འདི་ཐོག་མ་འབྱུང་ཁུངས་དང་གླེང་སློང་བྱས་ཡུལ་ནི།
ཕྱི་ལོ་༡༩༨༤་ལོ་རྒྱ་རྒན་ཀྲང་དབྱི་སུན་གྱིས་སྒྲིག་པའི་བོད་རྒྱ་ཚིག་མཛོད་ཆེན་མོ་སྨད་ཆ་ནང་དུ།
༼སྨར་ཚང་ཤེས་རབ་སེངྒེ་།
སྨར་ཚང་བཀའ་བརྒྱུད་ཀྱི་སྲོལ་གཏོད་པོ་ཡིན། ཕྱིས་སུ་ལུགས་དེ་ཁམས་དཔལ་ཡུལ་གྱི་རྙིང་མ་པ་དང་གཅིག་ཏུ་དྲིལ་ནས་དེའི་བླ་མ་རྣམས་ལ་ཀརྨ་པའི་ཡང་སྲིད་ཟེར།༽
ཀྲང་དབྱི་སུན་གྱིས་སྨར་པ་ཤེས་རབ་ཡེ་ཤེས་ལ་ཤེས་རབ་སེངྒེ་ཟེར་བ་ནི་སྨར་ཚང་སྲོལ་འབྱེད་མཁན་གྱི་མིང་ཚིག་ཙམ་ཡང་མི་ཤེས་པར་མངོན་ཡོད།
གལ་ཏེ། ཚིག་དུམ་འདིའི་ནང་དུ་སྨར་ཚང་དཔལ་ཡོན་ལ་གཅིག་ཏུ་དྲིལ་ཟེར་བ་ལྟར་ཁས་བླང་ན།
ཀརྨ་པ་སྨར་ཚང་གི་བླ་མའི་ཡང་སྲིད་ཡིན་ཚུལ་བཤད་པ་དེས་ཀྱང་ཁས་བླང་ཐུབ་བམ།
འདི་ཚིག་དུམ་གཅིག་གི་ནང་དུ་ཚིག་སྔ་མ་ཁས་བླངས་ལ་ཚིག་ཕྱི་མ་ཁས་མི་བླང་ན་རིག་པ་དང་དྲང་བདེན་གཉིས་ཀ་དང་འགལ་བ་ཞིག་མ་ཡིན་ནམ།
རྒྱ་རྒན་ཀྲང་དབྱི་སུན་གྱིས་ཀརྨ་པའི་འབྱུང་ཁོངས་ཙམ་ཡང་མི་ཤེས་ན་སྨར་ཚང་གི་ལོ་རྒྱུས་དེ་བས་ཀྱང་མི་ཤེས་པར་རྟོགས་ཐུབ་ཅིང་།
ཀྲང་དབྱི་སུན་གྱིས་རྒྱ་བོད་ཚིག་མཛོད་མ་བྲིས་སྔོན་དུ་སྨར་ཚང་འདི་ཆོས་བརྒྱུད་གཞན་ལ་འདྲེས་ཟེར་བའི་དེབ་ཐེར་གཅིག་ཀྱང་མཐོང་རྒྱུ་མེད་པའི་ཚུལ་འདི་གཅིག་པུས་རྟོག་བཟོས་ཡིན་པར་རག་སྤྲོད་གསལ་པོ་བྱུང་ཡོད།
ཀྲ་དབྱི་སུན་ལ་སྨར་ཚང་དཔལ་ཡོན་ལ་འདྲེས་པ་དང་བླ་མའི་ཡང་སྲིད་ཀརྨ་པ་ཡིན་པའི་ལོ་རྒྱུས་ཞིག་མཐོང་ངམ།
ཡང་ན་ཁྱོད་ཀྱིས་བསམ་ཚུམ་ཡིན་ནམ། གཞན་གྱིས་ཁ་སྒྲུང་གོ་ཐོས་ཡིན་ཞེས་འདྲི་ན།
རྒན་པོས་ཚིག་ཕྱི་མ་གཉིས་པོ་གང་རུང་ལན་འདེབས་རྒྱུ་ལས་འགྲོ་ས་སོར་གང་མེད།
རག་མགོ་སྤྲུལ་སྐུས་སྨར་ཚང་གདན་རབས་ལས་ཀ་ཐོག་གི་བླ་མ་བཀྲ་ཤིས་རྒྱ་མཚོས།
༼ཁྱད་པར་ཁྲིད་ཡིག་ཁྲེགས་ཆོད་སྐབས་སྨར་ཚང་ཕྱག་ཆེན་རྩལ་འདོན་དང་།
དགོངས་པ་ཟང་ཐལ་ཐོད་རྒལ་དང་སྦྱར་བའི་ཕྱག་རྫོགས་དབྱེར་མེད་ཀྱི་ཁྲིད་ཡིག་མཛད་པའི་ཁྲིད་རྒྱུད་དཔལ་ཡོན་དུ་བཞུགས་པ་འཇམ་མགོན་རིན་པོ་ཆེའི་གདམས་མཛོད་དུ་སྨར་ཚང་ཁྲིད་རྒྱུད་འདི་ལས་གཞན་མ་བྱུང་༽ཞེས་གསུངས་ཡོད། རག་སྤྲུལ་གྱིས་གོང་ཞུས་ཀྱི་ཚིག་ཕྲེང་འདི་སྨར་ཚང་དཔལ་ཡོན་ལ་འདྲེས་ཟེར་བའི་ཡིག་འབྲུ་གཅིག་ཀྱང་མེད།
བཀྲ་ཤིས་རྒྱ་མཚོས་བྲིས་པའི་གཞུང་འདི་འདྲ་ཞིག་ཀོང་སྤྲུལ་གྱི་གདམས་མཛོད་ནང་དུ་མེད་ཚུལ་འདི་ལྟར།
ཕྱི་ལོ་༢༠༡༢་དང་༢༠༡༣་བོད་དུ་ཡོད་པའི་ཀོང་སྤྲུལ་གྱི་གདམས་མཛོད་ཁག་གསུམ་ལ་ཞིབ་འཇུག་བྱས་ཀྱང་གཞུང་དེ་འདྲ་རྙེད་མེད།
ཕྱི་ལོ་༢༠༡༣་ཟླ་བ་༡༢་ཚེས་༦་ལ་ཨ་མདོ་བཀའ་འབུམ་རྒྱལ་ཟེར་བ་ཞིག་གིས་སྨར་ཚང་གི་ལོ་རྒྱུས་ཞིབ་འཇུག་དེབ་གཅིག་འབྲི་འགོ་འཚུགས་ནས་ཁམས་བྲག་གཡབ་དང་།
དཔལ་ཡོན་ཕྱོགས་ལ་ཉམས་ཞིབ་ཆེད་དུ་སྐོར་བསྐྱོད་བྱས་པའི་གྲུབ་འབྲས་ཐོན་རབས་བཤད་དུས།
ཁོང་གིས་ཁ་སྒྲུང་དང་རྨོངས་གཏམ་བསྡུ་རུབ་བྱས་པ་ཙམ་ལས་རིགས་པའི་གཞུང་ལུགས་དང་མཐུན་པའི་དངོས་ཡོད་ཀྱི་ལོ་རྒྱུས་གཅིག་ཀྱང་རྙེད་མེད་པར་ཤེས་བྱུང་།
དཔེར་ན།
སྨར་ཚང་གི་གདན་ས་ཤོ་དགོན་དེ་བྲག་གཡབ་ལ་ཡོད་པའི་སྒྲུབ་བྱེད་ཆེན་ཤོས་གཉིས་དྲངས་པ་ནི།
རྡོ་ཀོང་དོང་བྲུས་པའི་པར་ཞིག་བླངས་ནས་འབུ་གྲོག་མས་སྨར་ཚང་དགོན་པ་ལ་གསེར་གྱི་ཁྲལ་འབུལ་ས་རེད་འདུག་ཟེར་བ་དང་།
ཁྱིམ་ཚང་ཞིག་གི་སྒོ་འགྲམ་དུ་རྡོ་གཅིག་ལ་ཤོ་དགོན་ལ་བྱོན་ཟེར་བ་བསྐོས་པ་ཞིག་པར་བླངས་པ་དེ་གཉིས་རེད། ད་དུང་དགོན་ཆུང་ཞིག་པར་བླངས་ནས་སྨར་ཚང་གི་ཇོ་མོ་དགོན་པ་རེད་ཟེར་བ་སོགས་དོན་དངོས་དང་མི་མཐུན་ཞིང་དགོད་བྲོ་བའི་ཁ་སྒྲུང་བཤད་པ་རྣམས་གཡོ་བསྲང་ཐུབ་པའི་རེ་བ་བསྐྱངས་ཏེ།
ངས་གཉིས་འཕྲིན་ཡིག་དང་སྐད་འཕྲིན་skype་གསུམ་གྱི་ཐོག་བགྲོ་གླེང་སྣ་ཚོགས་བྱས་པའི་ཁྲོད་དུ། སྨར་ཚང་དཔལ་ཡོན་ལ་འདྲེས་པ་དང་ཀ༔ཐོག་ལ་ཐིམ་ཟེར་བ་དེར་མངོན་རྟོགས་རིགས་པས་གནོད་བྱེད་འཕངས་དུས་ལུང་རིག་དང་མཐུན་པའི་ལན་འདེབས་ཤིག་མེད་ཀྱང་། ད་དུང་ཁ་སྒྲུང་དཔང་དུ་བཙུགས་ནས་ཨུ་འཚུགས་མཐའ་སྐྱེལ་བྱས་པའི་གནས་དོན་ཆེན་ཤོས་གསུམ་དུ་མངོན། དང་པོ་སྨར་ཚང་བཀའ་བརྒྱུད་ཀྱི་བརྒྱུད་པ་ཆད་པ་བསྒྲུབ་ཐུབ་པའི་རེ་བ་དང་། གཉིས་པ་སྨར་ཚང་དཔལ་ཡོན་ལ་འདྲེས་པ་དང་ཀ༔ཐོག་ལ་ཐིམ་པ་བསྒྲུབ་ཐུབ་པའི་རེ་བ།
གསུམ་པ་སྨར་ཚང་བཀའ་བརྒྱུད་གཏོར་བཤིག་གཏོང་མཁན་དེ་གོང་ས་ལྔ་པ་ཆེན་པོའི་གཞུང་མིན་པར་བསྒྲུབ་ཐུབ་པའི་རེ་བ་ཡིན་པར་རྟོགས། ཁོང་གི་རྒྱབ་དུ་ཇུས་སྟོན་པ་ཡོད་ངེས་ཅན་ཡིན་པར་མཐོང་སྟེ། ཉུལ་ཞིབ་བྱས་དུས་ཁྲི་ཏུང་མཐོ་སློབ་ཀྱི་དགེ་རྒན་བྲག་གཡབ་བ་ཐུབ་བསྟན་ཟེར་བ་གཅིག་དང་། རྒྱ་གར་རྡ་རམ་ས་དང་། ཕྱི་རྒྱལ་གནས་སྡོད་བྱས་པའི་དགེ་ལུགས་ཀྱི་མི་རྣ་མི་ཉུང་བ་ཞིག་གིས་དཔུང་འདེབས་བྱས་པར་ཤེས་རྟོགས་བྱུང་། སླར་ཡང་བྲག་གཡབ། སྨར་ཁམས། དཔལ་ཡོན་སོགས་ལ་ངག་དབང་ཆོས་ལྡན་དང་ལས་རོགས་མི་གཉིས་ཆེད་མངགས་བཏང་ནས་སྐྱར་ཞིབ་ནན་པོ་བྱས་དུས། སྨར་ཚང་དགོན་པ་ལ་གསེར་གྱི་ཁྲལ་འབུལ་ས་རེད་ཟེར་བའི་རྡོ་འདྲ་བྲོ་ཆས་རྡུང་ས་འགའ་ཤས་ཡོད་པ་དང་། ཤོ་དགོན་ལ་བྱོན་ཟེར་བའི་རྡོ་བསྐོས་དེ་གསར་པ་ཡིན་པ་དང་། ཇོ་མོ་དགོན་པ་དེ་སྨར་ཚང་མིན་པར་ཤེས་རྟོགས་གསལ་པོ་བྱུང་ཞིང་།
ངས་གཉིས་འཕྲིན་ཡིག་དང་སྐད་འཕྲིན་skype་གསུམ་གྱི་ཐོག་བགྲོ་གླེང་སྣ་ཚོགས་བྱས་པའི་ཁྲོད་དུ། སྨར་ཚང་དཔལ་ཡོན་ལ་འདྲེས་པ་དང་ཀ༔ཐོག་ལ་ཐིམ་ཟེར་བ་དེར་མངོན་རྟོགས་རིགས་པས་གནོད་བྱེད་འཕངས་དུས་ལུང་རིག་དང་མཐུན་པའི་ལན་འདེབས་ཤིག་མེད་ཀྱང་། ད་དུང་ཁ་སྒྲུང་དཔང་དུ་བཙུགས་ནས་ཨུ་འཚུགས་མཐའ་སྐྱེལ་བྱས་པའི་གནས་དོན་ཆེན་ཤོས་གསུམ་དུ་མངོན། དང་པོ་སྨར་ཚང་བཀའ་བརྒྱུད་ཀྱི་བརྒྱུད་པ་ཆད་པ་བསྒྲུབ་ཐུབ་པའི་རེ་བ་དང་། གཉིས་པ་སྨར་ཚང་དཔལ་ཡོན་ལ་འདྲེས་པ་དང་ཀ༔ཐོག་ལ་ཐིམ་པ་བསྒྲུབ་ཐུབ་པའི་རེ་བ།
གསུམ་པ་སྨར་ཚང་བཀའ་བརྒྱུད་གཏོར་བཤིག་གཏོང་མཁན་དེ་གོང་ས་ལྔ་པ་ཆེན་པོའི་གཞུང་མིན་པར་བསྒྲུབ་ཐུབ་པའི་རེ་བ་ཡིན་པར་རྟོགས། ཁོང་གི་རྒྱབ་དུ་ཇུས་སྟོན་པ་ཡོད་ངེས་ཅན་ཡིན་པར་མཐོང་སྟེ། ཉུལ་ཞིབ་བྱས་དུས་ཁྲི་ཏུང་མཐོ་སློབ་ཀྱི་དགེ་རྒན་བྲག་གཡབ་བ་ཐུབ་བསྟན་ཟེར་བ་གཅིག་དང་། རྒྱ་གར་རྡ་རམ་ས་དང་། ཕྱི་རྒྱལ་གནས་སྡོད་བྱས་པའི་དགེ་ལུགས་ཀྱི་མི་རྣ་མི་ཉུང་བ་ཞིག་གིས་དཔུང་འདེབས་བྱས་པར་ཤེས་རྟོགས་བྱུང་། སླར་ཡང་བྲག་གཡབ། སྨར་ཁམས། དཔལ་ཡོན་སོགས་ལ་ངག་དབང་ཆོས་ལྡན་དང་ལས་རོགས་མི་གཉིས་ཆེད་མངགས་བཏང་ནས་སྐྱར་ཞིབ་ནན་པོ་བྱས་དུས། སྨར་ཚང་དགོན་པ་ལ་གསེར་གྱི་ཁྲལ་འབུལ་ས་རེད་ཟེར་བའི་རྡོ་འདྲ་བྲོ་ཆས་རྡུང་ས་འགའ་ཤས་ཡོད་པ་དང་། ཤོ་དགོན་ལ་བྱོན་ཟེར་བའི་རྡོ་བསྐོས་དེ་གསར་པ་ཡིན་པ་དང་། ཇོ་མོ་དགོན་པ་དེ་སྨར་ཚང་མིན་པར་ཤེས་རྟོགས་གསལ་པོ་བྱུང་ཞིང་།
ལོ་དེ་དགེ་བཤེས་ངག་དབང་མཆོག་ལྡན་རྒྱ་གར་ཕེབས་ཞོར་དགེ་འདུན་པ་འགའ་ཤས་རོགས་སྦྲན་ཏེ།
རྡར་ས་བོད་གཞུང་གི་དཔེ་མཛོད་ཁང་དུ་གདམས་མཛོད་ནང་ལ་བཀྲ་ཤིས་རྒྱ་མཚོས་བྲིས་པའི་གཞུང་དེ་འདྲ་ཞིག་ཡོད་མེད་སྐྱང་ཞིབ་བྱས་དུས་གཏན་ནས་མེད་པར་ཐག་ཆོད། དེ་ནས་དཔལ་ཡོན་དགོན་ལ་བླ་མ་ཀུན་བཟང་ཤེས་རབ་ཟེར་བ་ཞིག་ཡོད་མེད་ཆེད་མངགས་ཞིབ་འཇུག་ཐེངས་པས།
བླ་མ་དེ་འདས་ནས་ཡང་སྲིད་སྤྲུལ་སྐུ་ཐུབ་བཟང་ཟེར་བ་དགུང་ལོ་བརྒྱད་ཅུ་སོན་པ་ཞིག་ཡོད་པར་ཤེས་རྟོགས་བྱུང་བས།
ཁོང་ལ་ཁ་པར་ཐོག་ནས་བཀྲ་ཤིས་རྒྱ་མཚོས་བྲིས་པའི་ཕྱག་རྫོགས་དབྱེར་མེད་ཀྱི་ཁྲིད་ཡིག་ཟེར་བ་ཞིག་ཁྲིད་ལུང་ཡོད་མེད་བསྐོར་དྲིས་པས།
ཁོང་གིས་ཀྱང་ཐེ་ཚོམ་མེད་པར་ང་ལ་དེའི་ཁྲིད་ལུང་ཡོད་གསུངས་བྱུང་བས། དཔེ་ཆ་དེ་ད་ལྟ་ཁྱེད་ཀྱི་ཕྱག་ཏུ་ཡོད་པ་ཡིན་ནམ་ཞེས་དྲི་པས། ཁོང་གིས་ང་ལ་ཀོང་སྤྲུལ་གྱི་གདམས་མཛོད་ཐོབ་མྱངས་པ་ཡིན།
དེ་གདམས་མཛོད་ནང་དུ་ཡོད་རེད་ཅེས་ཐག་ཆོད་པོས་གསུང་དུས།
ཁོང་ལ་གཞུང་དེ་ཆ་རྒྱུས་གཏན་ནས་མེད་པའི་ཚོར་སྣང་དབང་མེད་དུ་སྐྱེས་ཀྱང་།
ད་དུང་ཁྱེད་ཀྱིས་གདམས་མཛོད་ནང་གི་གཞུང་དེ་མིག་གིས་མདོན་སུམ་མཐོང་སོང་ངམ་ཞེས་སྐྱར་དྲིས་བྱས་པའི་ལན་དུ།
ངས་མིག་གིས་དངོས་སུ་མཐོང་མེད་ཀྱང་གདམས་མཛོད་ནང་ལ་ཡོད་པ་ཡོངས་གྲགས་ཡིན་ཙམ་ཟེར་བ་ཡིན་ཞེས་གསུང་བྱུང་བས།
གཞུང་དེ་འདྲ་ཞིག་གདམས་མཛོད་ནང་ལ་གཏན་ནས་མེད་ཚུལ་གསལ་བཤད་ནན་པོ་བྱས་དུས། ཁོང་གིས་བསམ་བློ་ཞིག་གཏང་སྟེ།
འོ་ན། གཞུང་དེ་རིན་ཆེན་གཏེར་མཛོད་ནང་ལ་ཡོད་པ་འདྲ་ཟེར་བྱུང་བས། དགེ་བཤེས་ལགས་ཀྱིས་གྲྭ་པ་འགའ་ཤས་རོགས་སྦྲན་ནས་རྡར་ས་བོད་ཀྱི་དཔེ་མཛོད་ཁང་དུ་ཉི་མ་གཉིས་གསུམ་རིང་ལ་རིན་ཆེན་གཏེར་མཛོད་ཞིབ་འཇུག་མཐར་ཕྱིན་བྱས་དུས།
དཔེ་མཛོད་ལས་བྱེད་ཚོས་ཀྱང་གློག་ཀླད་ནང་དུ་ཀ་ཆག་འཚོལ་ཞིབ་སོགས་ཐུགས་འཁུར་ཆེན་པོས་ཞིབ་འཇུག་བྱས་པས་མེད་པར་ཐག་ཆོད་སོང་བས།
སླར་ཡང་ཐུབ་བཟང་རིན་པོ་ཆེ་ལ་རིན་ཆེན་གཏེར་མཛོད་ནང་ལ་གཞུང་དེ་མི་འདུག་པས།
ཐུབ་བཟང་བླ་མ་ལ་དེའི་བསྐོར་སྐྱར་དུ་དྲིས་དུས་དོན་དངོས་རྣ་ཐོས་ཙམ་ལས་ཆ་རྒྱུས་གཏན་མེད་པར་ཐག་ཆོད་སོང་།
དེ་ནས་དཔལ་ཡོན་དགོན་གྱི་དགུང་ལོ་སྒྲས་ཤོད་མཁན་ཆེན་སྐལ་བཟང་ཞུ་བ་དེ་ལ་གཞུང་དེ་འདྲ་ཞིག་ཡོད་མེད་བསྐོར་དྲི་བ་ཐེངས་གཉིས་ཕུལ་ཡང་ལན་ཚིག་གཅིག་ཀྱང་རྒྱག་མ་བྱུང་།
རག་མགོ་སྤྲུལ་སྐུས་ཀྱང་གཞུང་དེ་འདྲ་ཞིག་ཡོད་རབས་བཤད་དེས་ཀྱང་ཁ་སྒྲུང་དང་རྣ་ཐོས་ལ་ཡིད་ཆེས་ནས་སྨར་ཚང་གདན་རབས་ནང་ལ་བྲིས་པ་ཙམ་ལས།
དངོས་མཐོང་ལག་ཟིན་གྱིས་བདེན་གཏམ་མིན་པར་གསལ་པོར་གྱུར་ཡོད། མདོར་ན་གཟུགས་མེད་གྲིབ་བཟོ་འདི་འདྲ་ཞིག་ལ་བརྟེན་ནས་ཨ་རི་བ་Gene Smith་གཙོས་པའི་ཁ་སྒྲུང་དང་ཚིགས་མཛོད་དཔང་དུ་བཙུགས་པ་རྣམས་རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར་གྱུར་ཡོད།
བཞི་པ་བདེན་པ་རགས་སྤྲོད།
རྙིང་མ་པ་དང་དགེ་ལུགས་བར་གྱི་ཆོས་འབྲེལ། རྒྱལ་བ་ལྔ་པས་རྙིང་ཆོས་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་བསྒྲིགས་པའི་གསང་བ་རྒྱ་ཆེན་གྱི་ཁྲིད་ལུང་ད་ལྟ་བར་དགེ་ལུགས་པའི་ནང་དུ་བཞུགས་ཡོད་པས།
རྙིང་མའི་ཆོས་བརྒྱུད་ཐམས་ཅད་དགེ་ལུགས་ལ་གཅིག་ཏུ་འདྲེས་པ་དང་ཐིམ་པར་ཁས་ལེན་ཐུབ་བམ། དེ་ལྟར་མི་ཐུབ་ན།
དཔལ་ཡོན་བ་སོགས་གཞན་གྱིས་སྨར་ཚང་ཕྱག་ཆེན་འགྲེལ་བ་བྲིས་ཙམ་གྱིས་དེ་ལ་འདྲེས་པ་དང་། ཀཿཐོག་ལ་ཕྱག་ཆེན་གྱི་བརྒྱུད་པ་ཡོད་ཙམ་གྱིས་དེ་ལ་ཐིམ་པའི་སྒྲུབ་བྱེད་དེས་ཀྱང་རྟགས་ནག་ཉིད་དུ་གྱུར།
རྙིང་མ་དང་བཀའ་བརྒྱུད་བར་གྱི་ཆོས་འབྲེལ།
ཞྭ་དམར་སྤྱན་སྔ་བས་རྙིང་མའི་སེམས་སྡེ། ཀློང་སྡེ།
མན་ངག་གི་སྡེ་གསུམ་གྱི་འགྲེལ་པ་སྙན་བརྒྱུད་རྡོ་རྗེ་ཟམ་པའི་ཁྲིད་ཡིག་ཟེར་བ་དེ་ཀཾ་ཚང་གིས་ཉམས་ལེན་བྱས་མྱོང་ཡོད་ལ།
ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ཀློང་སྡེ་རྡོ་རྗེ་ཟམ་པ་ཟེར་བ་སོགས་རྙིང་ཆོས་མང་པོའི་འགྲེལ་བ་བྲིས་པ་རྣམས་ཁྲིད་ལུང་ཀཾ་ཚང་ནང་དུ་བཞུགས་པས།
རྙིང་མའི་ཆོས་བརྒྱུད་ཀཾ་ཚང་ལ་འདྲེས་པར་ཁས་ལེན་དགོས་པར་གྱུར། རྙིང་མ་དང་ཟུར་མང་བཀའ་བརྒྱུད་བར་གྱི་ཆོས་འབྲེལ། ཟུར་མང་པདྨ་གར་དབང་གིས་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་འགྲེལ་བ། བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་ཟེར་བ་ཞིག་བྲིས་ནས་ཟུར་མང་བཀའ་བརྒྱུད་ཀྱིས་ཉམས་བཞེས་མཛད་འདུག་པས། རྙིང་མའི་ཆོས་བརྒྱུད་ཟུར་མང་བཀའ་བརྒྱུད་ལ་ཆུ་བོ་གཉིས་འདྲེས་སུ་གྱུར་ཟིན་པ་ཁས་ལེན་འོས་སམ།
དཔལ་ལྡན་ས་སྐྱ་པ་དང་བཀའ་བརྒྱུད་བར་གྱི་ཆོས་འབྲེལ། ཕག་གྲུ་རྡོ་རྗེ་རྒྱལ་པོས་ས་ཆེན་ཀུན་དགའ་སྙིང་པོ་ལས་ས་སྐྱའི་ཆོས་སྐོར་ལ་ཐོས་བསམ་སྒོམ་གསུམ་བྱས་ནས། ལམ་འབྲས་ཀྱི་མན་ངག་གནད་བཅུ་གཅིག་དང་། ལམ་འབྲས་ཕྱག་རྒྱའི་ཁྲིད། ལམ་འབྲས་ཀྱི་ཞལ་གདམས། ནཱ་རོ་མཁའ་སྤྱོད་སོགས་གཞུང་འགྲེལ་མང་པོ་བརྩམས་ནས་ཕག་གྲུ་བཀའ་བརྒྱུད་ཀྱི་སློབ་མ་རྣམས་ལ་དར་སྤེལ་བཏང་ཞིང་། ཁྱད་པར་དུ་ཆོས་རྗེ་སྨར་པ་ལ་ས་ཆོས་འདི་ཡ་མཚན་ཡོད་པས་ཉམས་སུ་བློང་ཞེས་བཀའ་སྩལ་བ་ལྟར། སྨར་པའི་སློབ་མ་རྣམས་ཀྱིས་ཉམས་བཞེས་མཛད་སྲོལ་དར་བས། ས་སྐྱ་པའི་ཆོས་བརྒྱུད་ཕག་གྲུ་བཀའ་བརྒྱུད་དང་སྨར་ཚང་བཀའ་བརྒྱུད་ལ་འདྲེས་པ་ཁས་ལེན་དགོས་པར་ཐལ།
ས་སྐྱ་པ་དང་དགེ་ལུགས་བར་གྱི་ཆོས་འབྲེལ། ངག་བརྒྱུད་ལ་ས་མི་སྐྱ་ན་དགེ་མི་ལུགས་ཞེས་པ་ལྟར། རྗེ་ཙོང་ཁ་པའི་མདོ་ས་ལུགས། ས་སྐྱའི་བླ་མ་རེ་མདའ་བ། བླ་མ་དབུ་མ་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ལས་ཐོས་བསམ་སྒོམ་གསུམ་མཛད། ལྷག་པར་བླ་མ་དབུ་མ་པ་ལས་དབུ་མའི་ལྟ་བ་མཐར་ཐུག་རྙེད་པར་བཤད། དགེ་ལུགས་པའི་མདོ་གཞུང་གི་བླ་བརྒྱུད་ཐོག་མ་ས་སྐྱའི་བླ་མ་རེ་མདའ་བ། བླ་མ་དབུ་མ་པ་སོགས་གཙུག་ཏུ་བཀུར་ནས་འདོན་ཞིག་ཡོད་པས། ས་སྐྱའི་མདོ་ལུགས་ཀྱི་བརྒྱུད་པ་དགེ་ལུགས་ལ་འདྲེས་ཞེས་བཤད་འོས་སམ། ཕ་བོང་ཁ་པས་ས་སྐྱའི་གསེར་ཆོས་རྣལ་འབྱོར་མའི་ཆོས་སྐོར་མང་པོོའི་འགྲེལ་བ་བྲིས་ནས་དགེ་ལུགས་ནང་དུ་དར་སྤེལ་གཏོང་ཞིང་། འཕགས་པ་དགེ་ལེགས་རྒྱལ་མཚན་གྱིས་བླ་མ་གནས་གསར་བའི་དྲུང་ནས་རྣལ་འབྱོར་མའི་དབང་ཁྲིད་ཞུས་ནས་མཁའ་སྤྱོད་བསྐྱེད་རྫོགས་ཟབ་མོའི་བཀའ་ཁྲིད་བྲིས་ནས་དགེ་ལུགས་དགོན་པ་ཁག་ལ་དར་སྤེལ་བྱས་པས། ས་སྐྱ་པའི་མདོ་སྔགས་གཉིས་ཀྱི་བརྒྱུད་པ་དགེ་ལུགས་ལ་འདྲེས་པ་བརྗོད་འོས་སམ།
བཀའ་བརྒྱུད་པ་དང་དགེ་ལུགས་བར་གྱི་ཆོས་འབྲེལ། རྗེ་ཙོང་ཁ་པའི་སྔགས་རིམ་ཆེན་མོའི་འགོ་གི་མཆོད་བརྗོད་ལས། གསང་སྔགས་མཛོད་འཛིན་ལྷོ་བྲག་མར་པ་ཞགས། །ཞེས་བསྟོད་པ་ལྟར། དགེ་ལུགས་པའི་གསང་འདུས་མར་ལུགས། བདེ་མཆོག་འགོས་ལུགས། འཇིགས་བྱེད་ར་ལུགས། ཆོས་སྐྱོང་ཤངས་ལུགས་གསུངས་པ་ལྟར། གསང་བ་འདུས་པ་མར་པ་ལོ་ཙྭ་བའི་བརྒྱུད་པ་འཛིན། བདེ་མཆོག་འགོས་ལོ་ཙྭ་བའི་བརྒྱུད་པ་འཛིན། འཇིགས་བྱེད་ར་ལོ་ཙྭ་བའི་བརྒྱུད་པ་འཛིན། ཆོས་སྐྱོང་ཤངས་པ་བཀའ་བརྒྱུད་ཀྱི་བརྒྱུད་པ་འཛིན་པའི་ཆོས་ལུགས་ཤིག་ཡིན། དགེ་ལུགས་པ་སྔགས་ཀྱི་བརྒྱུད་གྲྭ་སྟོད་སྨད་གཉིས་གཙོ་བོར་གྱུར་པ་གསང་བདེ་གཉིས་སྒོམ་སྒྲུབ་ཉམས་བཞེས་པ་ཡོངས་ཀྱི་བླ་བརྒྱུད་ཀྱི་ཐོགས་མ་བཀའ་བརྒྱུད་ཀྱི་བླ་མ་རྣམས་འདོན་བཞིན་ཡོད། པཎ་ཆེན་བློ་བཟང་ཆོས་རྗེ་ཡིས་ནཱ་རོ་པ་དང་མར་མེ་དྭགས་གསུམ་ལས་བྱུང་བའི་ཕྱག་ཆེན་གཞི་འཛིན་ནས་དགེ་ལྡན་ཕྱག་ཆེན་ཟེར་བ་ཞིག་བྲིས་ཡོད་པས། བཀའ་བརྒྱུད་ཀྱི་ཆོས་བརྒྱུད་དགེ་ལུགས་ལ་ཐིམ་པ་དང་འདྲེས་པ་ཁས་ལེན་དགོས་པར་ཐལ།
ཀརྨ་བཀའ་བརྒྱུད་དང་དགེ་ལུགས་བར་གྱི་ཆོས་འབྲེལ། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་རྗེ་རིན་པོ་ཆེའི་ལམ་རིམ་བསྡུ་མའི་འགྲེལ་བ་བྲིས་པ་དེ་ད་ལྟ་ཀརྨ་བཀའ་བརྒྱུད་ཀྱི་ཆོས་ཚོགས་འགའ་ཤས་ལ་ཁྲིད་ལུང་འཆད་སྤེལ་བྱེད་མུ་ཡིན་པས། དགེ་ལུགས་ཀྱི་ཆོས་བརྒྱུད་ཀརྨ་བཀའ་བརྒྱུད་ལ་འདྲེས་པ་ཁས་ལེན་དགོས་པར་གྱུར།
ས་སྐྱ་དང་རྙིང་མའི་བར་གྱི་ཆོས་འབྲེལ། ས་སྐྱ་པའི་གདུང་བརྒྱུད་འཁོན་ཀླུའི་དབང་པོས་སློབ་དཔོན་པདྨའི་ཞལ་ལས་སྙན་བརྒྱུད་ཕུར་པའི་དབང་ལུང་མན་ངག་ཡོངས་རྫོགས་གསན་པའི་བརྒྱུད་པ་དེ། ད་ལྟ་སྐྱབས་མགོན་༧གོང་མ་རྡོ་རྗེ་འཆང་གི་བར་བརྒྱུད་པ་བར་མ་ཆད་པར་བཞུགས་པ་འདི། ཕུར་པ་རིང་བརྒྱུད་བཀའ་མའི་བརྒྱུད་པ་འདི་ལས་ཁུངས་བཙན་པ་ཞིག་ད་ལྟ་གངས་རིའི་ཁྲོད་དུ་མེད་པས། རྙིང་མའི་བརྒྱུད་པ་ས་སྐྱ་ལ་འདྲེས་པར་ཁས་ལེན་དགོས་པར་ཐལ།
ས་སྐྱ་པ་དང་ཆོས་བརྒྱུད་གཞན་གསུམ་གྱི་བར་ཆོས་འབྲེལ། བཀའ་བརྒྱུད། དགེ་ལུགས། རྙིང་མ། ཞི་བྱེད། ཇོ་ནང།
བུ་སྟོན། ས་སྐྱ་བཅས་ཆོས་བརྒྱུད་ཁག་གི་དབང་ཆེན་དང་རྗེས་གནང་ཕལ་ཆེ་བརྒྱུད་སྡེ་ཀུན་འདུས་དང་།
གྲུབ་ཐབས་ཀུན་འདུས་ལ་འདུས་ཤིང་དེ་དག་གི་དབང་ལུང་མན་ངག་ཡོངས་རྫོགས་ད་ལྟ་སྐྱབས་མགོན་༧གོང་མ་རྡོ་རྗེ་འཆང་ལ་ཡོད་པས།
ཉམས་གསོ་དགོས་པ་རྣམས་སྐྱབས་མགོན་༧གོང་མའི་སྐུ་མདུན་ནས་ཞུ་མུ་ཡིན་པས། གོང་ཞུས་ཀྱི་ཆོས་བརྒྱུད་དེ་དག་ས་སྐྱ་ལ་འདྲེས་ཞེས་བརྗོད་འོས་སམ།
བླ་མ་གཅིག་ཆོས་བརྒྱུད་གཉིས་ཀྱི་བླ་བརྒྱུད་ནང་དུ་ཡོད་པའི་རྒྱུ་མཚན་ཙམ་གྱིས་འདྲེས་པ་དང་ཆད་པ་འདོད་ན།
བེ་རོ་ཙ་ན། མར་པ་ལོ་ཙྭ་བ། ས་ཆེན་ཀུན་དགའ་སྙིང་པོ། གོང་ས་ལྔ་པ།
འཇམ་དབྱངས་མཁྱེན་བརྩེ། རིགས་འཛིན་ཚེ་དབང་ནོར་བུ་སོགས་བླ་མ་མང་པོ་ཆོས་བརྒྱུད་བཞིའི་བླ་བརྒྱུད་ནང་ལ་ཡོད་པས་འདྲེས་པ་བརྗོད་འོས་སམ།
སྨར་ཚང་དང་ས་དགེ་བཀའ་རྙིང་ཆོས་འབྲེལ།
ཁོ་བོ་གངས་རི་ཀརྨ་ཡིས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བློ་ཆོས་རིན་པོ་ཆེ།
ཀིརྟི་མཚན་ཞབས་རི་པོ་ཆེ་གསུམ་ལས་གསང་བདེ་འཇིགས་གསུམ་དང་། རིང་འབྱུང་བརྒྱ་ཚར། མེ་ཏྲི་བརྒྱ་ཚར་གྱི་དབང་ལུང་གི་བརྒྱུད་པ་ཞུས།
སྐྱབས་མགོན་༧ གོང་མ་རྡོ་རྗེ་འཆང་ལས་རྙིང་མའི་ཡི་དམ་ཕུང་པ་སྟོད་ལེན་དང་སྨད་ལེན་གྱི་དབང་ལུང་དང་། མར་ལུགས་ཀྱེ་རྡོར། བདག་མེད་མ།
བདེ་མཆོག་ལྰུ་ནག་དྲི་གསུམ། རས་ཆུང་བདེ་མཆོག་ཡབ་བཀའ། ཡུམ་བཀའ།
རས་ཆུ་མཁའ་འགྲོ་སྙན་བརྒྱུད་ཀྱི་ཁྲིད། རས་ཆུང་སྙན་བརྒྱུད་ཚེ་དབང་། དྭགས་པོ་བདེ་མཆོག།
ཕག་མོ་ལྷ་བཅུ་བདུན་དང་། ལྷ་སོ་བདུན། ལྷ་ཉེར་གཅིག་བཅས་དབང་ལུང། ཀཾ་ཚང་བདེ་མཆོག་དང་ཕག་མོ་ལྷ་སོ་བདུན་གྱི་དབང་ལུང་། ཞི་བྱེད་ཡབ་བཀའ་ཡུམ་བཀའ་དང་།
བུ་ལུགས་འཇིགས་བྱེད། ཇོ་ནང་དུས་འཁོར་དང་སྦྱོར་དྲུག་གི་ཁྲིད།
བཀའ་གདམས་ཐེག་ལེ་བཅུ་དྲུག་གི་ཁྲིད། སྟག་ལུང་ཀྱེ་རྡོར་སོགས་དབང་ལུང་གི་བརྒྱུད་པ་ཞུས།
མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་ལས།
མཁའ་སྤྱོད་བེའུ་འབུམ་གྱི་དབང་ལུང་ཁྲིད་གསུམ་དང་གུ་རུའི་བར་དོ་ཐོས་གྲོལ།
འཁྲུལ་ཤེས་རིན་པོ་ཆེ་ལས་བརྒྱུད་གསང་བ་སྙིང་པོ།
རྟོགས་ལྡན་ཨ་འཕྲིན་ལས་ཆོས་དྲུག་སོགས་ཁྲིད་ལུང་ཞུས།
མདོར་ན་གོང་ཞུས་ཀྱི་དབང་ལུང་མན་ངག་གི་བརྒྱུད་པ་ཁོ་བོ་གངས་རི་ཀརྨ་ལ་ཡོད་པས། བཀའ་གདམས་པ།
དགེ་ལུགས་པ། ཞི་བྱེད་པ། ཇོ་ནང་པ། ཀཾ་ཚང་།
སྟག་ལུང་སོགས་སྨར་ཚང་བཀའ་བརྒྱུད་ལ་འདྲེས་པ་ཁས་ལེན་ནུས་སམ།
གོང་དུ་དྲངས་པའི་ལུང་རིག་གིས་སྒྲུབ་བྱེད་རྣམས་ཁས་ལེན་མི་ཕོད་ན། སྨར་ཚང་བཀའ་བརྒྱུད་ཀྱི་བརྒྱུད་པ་ཀཿཐོག་དགོན་པ་ལ་ཐིམ།
དཔལ་ཡོན་དགོན་པ་ལ་འདྲེས་ཞེས་ཇི་སྲིད་བརྗོད་ཀྱང་ལུང་རིག་དང་འགལ་བའི་འུར་སྟོང་འབའ་ཞིག་ལས་སྙིང་པོ་ཅི་ཡང་མེད།
ལྔ་པ་སྨར་ཚང་བརྒྱུད་པའི་ཆུ་བོ་དྲུག་འདྲིས་ཡིན་པའི་བསྐོར།
སྤྱིར་བོད་ལ་བརྒྱུད་པ་ཆུ་བོ་གཅིག་འདྲེས་དང་གཉིས་འདྲེས་བཞེད་སྲོལ་མང་ཡང་འདི་ཡོངས་གྲགས་ལ།
མཉམ་མེད་སྒམ་པོ་པས་བཀའ་གདམས་པའི་དགེ་བཤེས་ཤ་བ་གླིང་པ། བ་ཡུལ་བ། སྙུམ་རུམ་པ།
ལྕགས་རི་གོང་ཁ་བ་སོགས་ལས་བཀའ་གདམས་པའི་ཁྱད་ཆོས་གཙོ་བོ་གྲོས་སུ་གྱུར་པ། གཞུང་སྨྲ་བ།
ལམ་རིམ་པ། མན་ངག་པ་གསུམ་གྱི་བརྒྱུད་པ་གསན་ཞིང་།
མི་ལ་རས་པའི་དྲུང་ནས་ཕྱག་རྒྱ་ཆེན་གྱི་བརྒྱུད་པ་གསན་པའི་རྗེས་སུ། ཐར་པ་རིན་པོ་ཆེ་རྒྱན་བྲིས་པས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་སྙན་གྲགས་ཀྱི་བ་དན་ཕྱོགས་ཀུན་ཏུ་གཡོ་བར་མཛད།
དེ་ནས་རྗེ་ཙོང་ཁ་པས་སྐྱབས་མཆོག་ལོ་ཙྭ་བ་ལས་བཀའ་གདམས་གཞུང་སྨྲ་བ་དང་།
ནམ་མཁའ་རྒྱལ་མཚན་ལས་བཀའ་གདམས་ལམ་རིམ་པ་དང་མན་ངག་པའི་བརྒྱུད་པ་གསན་ནས། བྱང་ཆུབ་ལམ་རིམ་ཆེན་མོ་བྲིས་པས་བརྒྱུད་པ་གསུམ་ཆུ་བོ་གཅིག་འདྲེས་ཀྱི་བཀའ་གདམས་གསར་མ་བ་ཞེས་གཡུ་འབྲུག་གི་སྒྲ་ཆེན་འཛིན་མའི་ཞིང་འདིར་ལྡིར།
དེ་ལྟ་བུ་ལ་གཅིག་འདྲེས་དང་གཉིས་འདྲེས་ཞེས་འབོད་འོས་ན།
སྨར་ཚང་འདི་གསང་སྔགས་ཀྱི་བརྒྱུད་པ། བཀའ་བརྒྱུད་པ།
རྙིང་མ་པ། ཞི་བྱེད་པ་གསུམ་གྱི་གསང་སྔགས་ཀྱི་བརྒྱུད་པ་ཆུ་བོ་གཅིག་འདྲེས་ཀྱི་གྲུབ་མཐའ་ཡིན་ཞེས་བརྗོད་འོས་ཏེ།
སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོ་ལས།
འདིར་ཆོས་ཐསམ་ཅད་ཀྱི་སྙིང་པོ། རྒྱུད་སྡེ་ཐམས་ཅད་ཀྱི་ཟབ་དོན། རྡོ་རྗེ་ཐིག་པའི་ཞིག་མ།
དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཚེ་གཅིག་ལ་སངས་རྒྱས་པར་བྱེད་པ།
རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་གྲོལ་ལམ།
ཕྱག་རྫོགས་ཞི་གསུམ་གྱི་ཁྲིད་ཐམས་ཅད་ཀྱི་སྤྱི་ཚུན་བསྟན་པར་བྱེད་པ།
ཟབ་མོ་ནང་དོན་ཟབ་རྒྱ་ཟུང་འཇུག་བདེན་གཉིས་དབྱེར་མེད་སྙིང་པོ་དོན་གྱི་གཏེར་མཛོད་མན་ངག་རྒྱ་མཚོ་ཞེས་བྱ་བ།
ཞེས་གསུངས་པ་ལྟར། དོན་ལ་ཕྱག་རྫོགས་ཞི་གསུམ་གྱི་ལྟ་གྲུབ་ཀྱི་སྙིང་པོ་རྩལ་ཏུ་བཏོན་པའི་གཞུང་དེའི་ལུང་ཁྲིད།
བཤད་ཁྲིད། དམར་ཁྲིད་གསུམ་གྱི་བརྒྱུད་པ་གསེར་རིའི་ཕྲེང་བ་ལྟར་བཞུགས་ཚུལ་གོང་དུ་དྲངས་པ་དེ་ཡིན།
སྨར་ཚང་འདི་མདོ་ལུགས་ཀྱི་བརྒྱུད་པ།
བཀའ་གདམས་པ། བཀའ་བརྒྱུད་པ། དགེ་ལུགས་པ་གསུམ་གྱི་མདོ་ལུགས་ཀྱི་བརྒྱུད་པ་ཆུ་བོ་གཅིག་འདྲེས་ཞེས་བརྗོད་འོས་ཏེ།
ཁོ་བོ་གངས་རི་ཀརྨ་ཡིས་མཁན་ཆེན་ཀུན་དགའ་དབང་ཕྱུག་དྲུང་ནས་དྭགས་པོའི་ཐར་རྒྱན་དང་། རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ།
བཀའ་གདམས་ཕ་ཆོས་དང་བུ་ཆོས། བྱང་ཆུབ་ལམ་སྒྲོན། བློ་སྦྱོང་དོན་བདུན་མ་སོགས་ཀྱི་ཁྲིད་ལུང་གི་བརྒྱུད་པ་ཞུས་ཏེ།
སྟོན་པ་སངས་རྒྱས་ཀྱི་བཀའ་དང་།
དགོངས་འགྲེལ་མཁས་པ་ཐོག་མེད་ཡབ་སྲས་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞི་ལམ་འབྲས་གསུམ་གྱི་སྙིང་པོ་རྩལ་ཏུ་བཏོན་ནས།
བཀའ་གདམས་ཕ་ཆོས་བུ་ཆོས། དྭགས་པོ་ཐར་རྒྱན། སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོ།
རྗེ་ཙོང་ཁ་པའི་ལམ་རིན་ཆེན་མོ་སོགས་ཀྱི་དགོངས་པ་བརྒྱན་དུ་སྦྱར་བའི་སྨར་ཚང་ལམ་རིམ་ཆེན་མོ་བྲིས་པས།
སྨར་ཚང་བཀའ་བརྒྱུད་ཀྱི་མདོ་ལུགས་ཀྱི་དགོངས་དོན་བཀའ་གདམས་པ། བཀའ་བརྒྱུད་པ།
དགེ་ལུགས་པའི་བརྒྱུད་པ་ཆུ་བོ་གསུམ་གཅིག་ཏུ་འདྲེས་པ་ཞིག་ཡིན། མདོར་ན།
སྨར་ཚང་འདི་མདོ་ལུགས་བཀའ་ཕྱག་དགེ་གསུམ་གྱི་སྙིང་པོ་ཆུ་བོ་གཅིག་འདྲེས་དང་།
སྔགས་ལུགས་ཕྱག་རྫོགས་ཞི་གསུམ་གྱི་སྙིང་པོ་ཆུ་བོ་གཅིག་འདྲེས་ཡིན་པས།
བརྒྱུད་པའི་ཆུ་བོ་དྲུག་ལྡན་གྱི་རིང་ལུགས་ཡིན་ཞེས་མགྲིན་པ་བཏེགས་ནས་སྨྲ་བ་འོས་སོ། །
དྲུག་པ་བོད་པའི་ཆོས་ལུགས་ཀྱི་ཐ་སྙད་ལ་ཅུང་ཟད་དཔྱད་པ།
སངས་རྒྱས་ཤཱཀྱ་ཐུབ་པས་ཐེག་པ་གསུམ་དང་གྲུབ་མཐའ་བཞིའི་རྣམ་བཞག་འདི་གདུལ་བྱའི་བློ་རིག་ཆུང་འབྲིང་ཆེ་གསུམ་ལ་ལྟོས་ནས་འཇོག་པར་རྩོད་མེད་ཡོངས་གྲགས་ཡིན་ལ།
སངས་རྒྱས་འདས་པའི་རྗེས་སུ་བྱེ་བྲག་སྨྲ་བ་སྡེ་པ་བཅོ་བརྒྱད་བྱེ་པ་ནི་སོ་སོའི་གནས་མིང་དང་དགོན་མིང་ལ་ལྟོས་ནས་ཐ་སྙད་བཏགས་ཏེ།
རང་གི་སྡེ་པ་སངས་རྒྱས་ཀྱི་ཆོས་ཡིན་པ་དང་གཞན་རྣམས་སངས་རྒྱས་ཀྱི་ཆོས་་མིན་ཚུལ་རྩོད་རྙོག་གིས་འཁོར་ལོ་བསྐོར་བའི་ལོ་རྒྱུས་རིང་མོ་ཞིག་བྱུང་བར་ལྟར།
བོད་པའི་ཆོས་ལུགས་ཀྱི་གྲུབ་མཐའ་ཡང་དུས་མིང་། ཆོས་མིང་། གནས་མིང་། གང་རུང་ལ་ལྟོས་ནས་བཏགས་པ་ཡིན།
དཔེར་ན། དུས་མིང་གི་གྲུབ་མཐའ་རྙིང་མ་པ། གནས་མིང་གི་གྲུབ་མཐའ་ས་སྐྱ་པ། ཇོ་ནང་པ། བོ་དོང་བ།
དགེ་ལྡན་པ། ཆོས་མིང་གི་གྲུབ་མཐའ་བཀའ་གདམས་པ། བཀའ་བརྒྱུད་པ། ཞི་བྱེད་པ་བཅས་ལ་གྲུབ་མཐའ་བརྒྱད་ཀྱི་ཐ་སྙད་ཐོགས་ཀྱང་ནང་གསེས་ཞིབ་ན་རྒྱ་གར་ནས་དར་བའི་མདོ་སྔགས་ཀྱི་ཆོས་ཚུལ་ཡན་ག་རེ་དམིགས་ཀྱིས་སྐལ་ནས་འཆད་ཉན་སྒོམ་སྒྲུབ་བྱས་པ་དེ་རང་གི་ལྟ་གྲུབ་ཡིན་སྙམ་པའི་རློམས་སེམས་རེ་སྐྱེས་ནས། བཀའ་བསྟན་མང་པོ་ཉུལ་ནས་རང་གི་འདོད་ཕྱོགས་དང་མཐུན་པའི་ལུང་རིག་ཐམས་ཅད་དཔུང་རོགས་སྦྲན་ནས་གྲུབ་མཐའི་མཁར་རྫོང་རེ་བརྩེགས།
རིམ་བཞིན་སྨན་ལ་དུག་སྦྱར་བ་ལྟར་ཆབ་སྲིད་ཀྱི་ནད་འགོས་ནས་རང་གི་གྲུབ་མཐའ་རྒྱ་ཆེན་དང་གོང་མཐོ་གཏོང་ཆེད་མཐོ་དམན་དང་ཆེ་ཆུང་གི་ལམ་སྲོལ་བཏོད་།
དཔེར་ན། སྔར་གྱི་རྒྱལ་རབས་ལོ་རྒྱུས་ལ་ཞིབ་ན་རྒྱ་ནག་སྐམ་ས་ཆེན་མོ། ཆེན་པོ་ཧོར།
བོད་ཆེན་པོ། བོད་ཆུང་བ་བཅས་ཐ་སྙད་སྔོན་དུ་བསྐྲུན་ནས་དབང་བསྒྱུར་གྱི་ལས་འགུལ་སྤེལ་སྲོལ་དར་བ་ལྟར།
ཆོས་བརྒྱུད་ལའང་འགོས་ནས་ཆོས་མིན་གྱི་ལོ་རྒྱུས་རིང་མོ་ཞིག་ཤུལ་དུ་འཇོག་ཡོད།
དེ་བཞིན་བརྒྱུད་པའི་སྡོང་པོ་གཅིག་ལས་བྱེ་བའི་བཀའ་བརྒྱུད་ལའང་ཆེ་ཆུང་གི་འགོས་ནད་ཕོག་ནས་རྩོད་གླེང་བྱུང་བ་དེ།
གཞན་གྱིས་རང་རྡུང་། རང་གིས་རང་རྡུང་ཟེར་བའི་དཔེ་དང་མཚུངས་ལ། ཆེ་ཆུང་འདི་ཕྱག་ཆེན་དང་ཆོས་དྲུག་གི་བརྒྱུད་པའི་བྱིན་རླབས་ཆེ་ཆུང་དང་།
གནང་མཁན་གྱི་མིང་ཆེ་ཆུང་། རྒྱུ་ཆེ་ཆུང་ལ་ལྟོས་ནས་འཇོག་ན་དགོད་བྲོ་བ་ཙམ་ལས་ཆོས་ཀྱི་སྙིང་པོ་དང་ཡོངས་སུ་འགལ་བར་གྱུར།
བརྒྱུད་པ་གོང་འོག་ལ་ལྟོས་ནས་ཆེ་ཆུང་འཇོག་ན། ཟུར་མང་དང་སྙེ་མདོ་གཉིས་ཀྱང་ཆུང་བར་གྱུར།
དྭགས་པོ་ལས་བྱེ་བའི་ཆེ་བཞི་དེས་ཀྱང་བརྒྱུད་པ་གོང་མ་མར་པ་དང་མི་ལའི་བརྒྱུད་པ་ལ་ལྟོས་ན་ཆུང་བཞིར་གྱུར།
དགོན་པ་དང་གྲོང་སྡེ་ཆེ་ཆུང་ལ་ལྟོས་ནས་འཇོག་ན།
ད་ལྟའི་དུས་རབས་འདི། འབྲུག་པ། ཀཾ་ཚང་།
འབྲི་གུང་གསུམ་ཆེ་བ་དང་གཞན་རྣམས་ཆུང་བར་འཇོག་དགོས་པར་གྱུར། མར་མི་དྭགས་གསུམ་གྱི་བརྒྱུད་པ་ཕག་གྲུབ་ནས་གཡའ་བཟང་བར་སྡེ་པ་བཅུ་གཉིས་ཐོག་ཏུ་ཁྱུང་པོའི་བརྒྱུད་པ་གནན་ནས་དོན་བརྒྱུད་སྒྲུབ་སྡེ་བཅུ་གསུམ་ཞེས་བོས་ན་རྩོད་གླེང་འབྱུང་བའི་གཞི་མེད་ལ།
སྐྱབས་མགོན་མར་པ་དང་གྲུབ་ཆེན་ཁྱུང་པོ་ཡབ་སྲས་ཀྱིས་མི་མངོན་ཆོས་ཀྱི་ཀློང་ནས་གཟིགས་ནའང་ཐུགས་སྤྲོ་བའི་མཆོད་སྤྲིན་འགྱུར་བར་ངེས།
གྲས་འགོ་བསྡད་པའི་བླ་མ་དང་གྲས་མཐའ་སྐྱོང་བའི་གྲྭ་པ་ཚོས་ཆོས་པའི་གཟུགས་ཀྱི་ཆོས་མིན་གྱི་ཀུན་སློང་བསྐྱངས་ནས་བརྒྱུད་པའི་སྡོང་པོ་གཅིག་ལ་མིང་ཆེ་ཆུང་དང་ཁྲི་མཐོ་དམན་གྱི་སྒྲོ་སྐུར་འདེབས་རེས་བྱས་ན།
ལྷོ་བྲག་མར་པས་སྒྲུབ་བརྒྱུད་བསྟན་པའི་གྲས་ལས་ཕུད་ངེས་པས་ཡིད་གཟབ་མཛོད།
འགྲོ་མགོན་གངས་རི་ཀརྨའི་སྐྱེ་ཕྲེང་གི་གྲས་མཐར་ཚུད་པའི་རྒྱལ་ཁམས་པ་ཞིག་གིས་ཕྱི་ལོ་༢༠༡༦་ཟླ་བ་༥་ཚེས་༢༤་ལ་བྲིས།
རྡོ་རྗེ་འཆང་དང་ཏི་ལོ་ནྭ་རོའི་མཚན།
མེེ་ཏྲེ་ནི་གུ་པཎ་གྲུབ་བརྒྱུད་འཛིན་པ། །
ལྷོ་བྲག་མར་པ་ཁྱུང་པོ་རྣལ་འབྱོར་ལས། །དོན་བརྒྱུད་སྒྲུབ་སྡེ་བཅུ་གསུམ་གསོལ་བ་འདེབས།
།