སྟོན་པ་ཚུལ་ཁྲིམས་གཞོན་ནུའི་རྣམ་ཐར།




ཆོས་རྗེ་སྟོན་པ་ཚུལ་ཁྲིམས་གཞོན་ནུ་ནི་ཕྱི་ལོ་༡༡༩༧་སྨར་ཁམས་སྟག་ར་འབྲོག་པ་ཡབ་དབང་འདུལ་ཚེ་རིང་དང་ཡུམ་ཡེ་ཤེས་ལྷ་མོ་གཉིས་ལས་མེ་སྤྲུལ་ལོ་ཟླ་བ་༩་ཚེས་བཟང་ལ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་ལ་ཕ་ར་དགོན་དུ་ཞུགས་ནས་མཁན་པོ་ཚུལ་ཁྲིམས་ཉི་མ་ལས་རབ་ཏུ་བྱུང་བས་མཚན་ཚུལ་ཁྲིམས་གཞོན་ནུ་གསོལ།

མཁན་པོ་ལས་ལམ་སྒྲོན་སོགས་ཆོས་ཚུལ་འགའ་ཤས་ཞུ། དགུང་ལོ་ཉི་ཤུ་ལ་ཙོམ་མདོ་གནས་གསར་དགོན་དུ་ཕེབས་ནས་འགྲོ་མགོན་རིན་ཆེན།  དབང་ལྡན་རིན་ཆེན། ཡེ་ཤེས་དབང་ཕྱུག་སོགས་ལས་བསྙེན་པར་རྫོགས།   བླ་མ་དེ་དག་ལས་བྱམས་ཆོས་སྡེ་ལྔ་སོགས་མདོ་གཞུང་ཐམས་ཅད་ལ་ཐོས་བསམ་སྒོམ་གསུམ་མཛད།  འགྲོ་མགོན་རིན་ཆེན་ལས་སྨར་ཚང་ཕྱག་ཆེན་དང་ཆོས་དྲུག་སོགས་གདམས་ཆོས་ཟབ་མོ་ཐམས་ཅད་ཐོས་བསམ་སྒོམ་གསུམ་པས་ཕྱག་ཆེན་གྱི་ལྟ་བ་རྟོགས། དགུང་ལོ་ཞེ་བདུན་ལ་དབུས་ཀྱི་གནས་ཐམས་ཅད་མཇལ་བར་ཕེབས་དུས་ས་སྐྱ་པཎྜི་ཏ་མཇལ་བས་གསེར་ཆོས་འགའ་ཞིག་ཞུས།  སྟོན་ཚུལ་གྱིས་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་གོང་འོག་གཉིས་ཀྱི་ལོ་རྒྱུས་དང་འགྲོ་མགོན་རིན་ཆེན་གྱི་མཛད་འཕྲིན་རྣམས་ས་པཎ་ལ་ཞུས་པས་ས་པཎ་ཐུགས་དགྱེས་ནས་གནང་སྐྱེས་དངོས་པོ་དང་གསེར་བྲིས་ཕར་ཕྱིན་སུམ་བརྒྱ་པ་ཞིག་འགྲོ་མགོན་རིན་ཆེན་ལ་ཕྱག་རྟེན་དང་འཕྲིན་ཡིག་ཕུལ་བ་ལ་བརྟེན་ནས་ས་སྐྱ་དང་སྨར་ཚང་གཉིས་འབྲེལ་ལམ་ཐོག་མ་འཚུགས་པར་མཛད།  ཙོམ་མདོ་གནས་གསར་གྱི་རྒྱལ་ཚབ་དང་པོས་ཐུགས་འགན་བཞེས་པ་སོགས་མཛད་འཕྲིན་རླབས་ཆེན་བསྐྱངས་ནས་ཕྱི་ལོ་༡༢༧༧་མེ་གླང་ལོ་བདེ་བར་གཤེགས། །
རྣམ་ཐར་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་ཕབ་ཤུལ་མི་ཆོག་པར་ཞུ། །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།