སྟག་ཆེན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར།



སྟག་ཆེན་ཡེ་ཤེས་རྒྱལ་མཚན་ནི་ཕྱི་ལོ་༡༧༣༤་ཤིང་སྟག་ལོ་ཁྱུང་འབུམ་དཔལ་ལེགས་ཚང་གི་ཁྱིམ་དུ་ཡབ་ཉི་མའི་སྲས་སུ་སྐུ་འཁྲུངས།  

རྗེ་འདི་འབྲུག་པ་བཀའ་བརྒྱུད་ཀྱི་རྟོགས་ལྡན་རྣམས་ལས་ཆོས་དྲུག་དང་རྣལ་འབྱོར་བཞིའི་ཁྲིད་ལུང་དང་བདེ་མཆོག་ལྷན་སྐྱེས་སོགས་གསན།  ཡངས་རི་དབེན་ཁྲོད་དུ་སྐུ་ཚེ་ཧྲིལ་པོ་ཕྱག་ཆེན་དང་རྫོགས་ཆེན་སྒོམ་སྒྲུབ་མཛད་པས་གྲུབ་པའི་གོ་འཕང་ཐོབ་པ་ཞིག་བྱུང་།  གྲུབ་ཆེན་ཉང་རལ་གོ་ཆས་སྐྱེས་དུས་སོགས་ལུང་ཚིག་ཙམ་ལས་ཁ་གསལ་མེད་ཀྱང་། ཁམས་པ་སྒར་རྟོགས་ལྡན་ཨ་འཕྲིན་རིན་པོ་ཆེས་རྗེ་འདིའི་མཚན་སྟག་ཆེན་ཡེ་ཤེས་རྒྱལ་མཚན་ཞུ་བ་དང་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ཚུལ་ལ་ཐོས་བསམ་སྒོམ་གསུམ་མཛད། སླར་ཡངས་རི་དགོན་དུ་བྱོན་ནས་སྐུ་ཚེ་ཧྲིལ་པོ་སྒོམ་སྒྲུབ་བརྩོན་ཚུལ་ཞིག་བླ་མའི་སློབ་མར་རྒྱུད་པའི་གསུང་སྒྲོས་ཙམ་ལས་ལོ་རྒྱུས་ཞིབ་ཕྲ་ད་ལྟའི་ཆ་ལག་སོན་བྱུང་མེད། །

རྣམ་ཐར་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་ཕབ་ཤུལ་མི་ཆོག་པར་ཞུ། །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།