སྟག་ཆུང་ཡེ་ཤེས་འགྱུར་མེད་ཀྱི་རྣམ་ཐར།




སྟག་ཆུང་ཡེ་ཤེས་འགྱུར་མེད་ནི་གྲུབ་ཆེན་ཉང་རལ་གོ་ཆས་ལུགས་དོན་ལྟར་བྱས་ན་ཕྱི་༡༨༡༧་མེ་གླང་ལ་ཡུམ་མཁའ་འགྲོ་མ་ལས་སྐུ་འཁྲུངས།

དགུང་ལོ་བརྒྱ་བཅུ་གྱ་གསུམ་ས་ཕག་ལོ་ལ་བདེ་བར་གཤེགས་པའི་ལོ་ཚིག་ཙམ་ལས་མཛད་འཕྲིན་ཞིབ་ཕྲ་ཁུངས་ལྡན་གྱི་ལོ་རྒྱུས་ད་བར་རྙེད་ཐུབ་མེད་ཀྱང་། རྒན་པོའི་ངག་སྒྲུང་བདེན་སྲིད་ན་རྗེ་འདིས་རྙིང་མ་ཀཿཐོག་གི་ཆོས་བརྒྱུད་བཞེས་ནས་གནས་མགོ་དགོན་པའི་འོག་ཏུ་རི་ཁྲོད་འཛིན་ནས་བཞུགས་པ་དང་སྨན་ལ་མཁས་པ་ཡིན་པས་འགྲོ་བ་མང་པོ་ལ་སྨན་སྦྱིན་མཛད་ཚུལ་བཤད།  སྨར་ཚང་ཕྱག་ཆེན་སོགས་བརྒྱུད་འཛིན་ཐུབ་ཡོད་མེད་བརྗོད་དཀའ་བ་ཞིག་གྱུར་ཡོད།  ཁོང་འདས་པ་དང་ཉེ་གནས་ཇོ་མོ་དང་ཚ་བོ་རྣམས་ཀྱིས་སྨན་གྱི་ཁྱིམ་བརྒྱུད་འཛིན་པའི་སྟག་ཆུང་ཚང་ལ་ཇོ་མོ་གསོ་སྨན་ལ་མཁས་པ་གཉིས་ཙམ་བྱུང་།  གནས་མགོ་དགོན་པའི་འོག་ཏུ་ཤིང་ནགས་སུལ་ཡོད་པའི་སྟག་ཆུང་དགོན་པ་ནི་ད་ལྟ་ཁྱིམ་ཚང་གྱུར་ནས་སྟག་ཆུང་ཚང་ཟེར་སྲོལ་ཡོད། །
རྣམ་ཐར་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་ཕབ་ཤུལ་མི་ཆོག་པར་ཞུ། །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།