སྨར་ཚང་བཀའ་བརྒྱུད་ལོ་རྒྱུས་སྙིང་བསྡུས། །



 
སྨར་ཚང་བཀའ་བརྒྱུད་ནི་སྨར་ཁམས་ཀྱི་ཡུལ་མིང་དང་བཀའ་བརྒྱུད་ཀྱི་ཆོས་མིང་གཉིས་སྦྱར་ནས་ཐོག་པ་ཞིག་ཡིན།  ཕྱི་ལོ་༡༡༦༧་མེ་ཕག་ལོ་ཆོས་རྗེ་སྨར་པས་སྨར་ཁམས་རུ་ཤོད་ཀྱི་ཁྱབ་ཁོངས་འདམ་སྟེང་ལ་དཔལ་བཀྲ་ཤིས་དགོན་པ་ཕྱག་བཏབ་པས་དགེ་འདུན་གཉིས་སྟོང་ནས་རིམ་བཞིན་ཁྲི་ཁ་ལོང་བར་བྱུང་།

གདན་ས་འདི་ཐོག་མ་གཞུང་ཆེན་པོ་ལ་ཐོས་བསམ་རྩོད་གསུམ་གྲུབ་པ་དང་སྨར་ཚང་ཕྱག་ཆེན་སོགས་སྒོམ་སྒྲུབ་ཉམས་ལེན་མཛད་སྲོལ་དར། ཕྱི་ལོ་༡༢༠༠་ལོར་འགྲོ་མགོན་རིན་ཆེན་གྱིས་སྨར་ཁམས་རུ་ཤོད་ལ་ཙོམ་མདོ་གནས་གསར་དགོན་པ་བཏབ་པས།  དགེ་འདུན་སྟོང་ཕྱེད་གཉིས་ནས་རིམ་བཞིན་ཁྲི་ལ་ཉེ་བར་བྱུང་། སྨར་ཚང་བཀའ་བརྒྱུད་ཀྱི་ཁྱད་ཆོས་ནི་བཤད་སྒྲུབ་སྒོམ་གསུམ།  ཉམས་ལེན་གནས་བཞི།  ཆོས་སྐྱོང་རྣམ་གསུམ་ཞེས་གྲགས།  གསང་ཕུལ་ནེའུ་ཐང་གི་ལུགས་ལྟར་མདོ་གཞུང་ལ་ཐོས་བསམ་རྩོད་གསུམ་བྱས་པ།  ཡི་དམ་བདེ་དགྱེས་གསང་གསུམ།  འཇམ་ཕྱག་སྤྱན་གསུམ། སྨན་བླ། སྒྲོལ་མ་བཅས་ལ་མཚམས་བསྙེན་སྒྲུབ་བྱས་པ།  སྨར་ཚང་ཕྱག་ཆེན་དང་ཆོས་དྲུག་གི་མན་ངག་རྣམས་དབང་པོ་རབ་འབྲིང་ཐ་གསུམ་གྱི་བློ་དང་མཐུན་པ་རྩེ་གཅིག་ཏུ་སྒོམ་པ་ལ་བཤད་སྒྲུབ་སྒོམ་གསུམ་ཡིན། རྩེ་གཅིག་པ། རོལ་པ་གཅིག་པ། སྤྲོས་བྲལ། སྒོམ་མེད་བཅས་ལ་རྣལ་འབྱོར་བཞི་ཡིན།  མགོན་པོ་བྱ་རོག་གདོང་ཅན། དུད་སོལ་མ།  མགོན་དཀར་བཅས་ཡིན།  ཤོ་ཙོམ་གཉིས་གྱི་དགོན་ལག་ནི་སྨར་ཁམས་དང་། ཉག་བྲེ། གོ་འཇོ། སྡེ་དགེ  ལི་ཐང་། མི་ཉག  ཁ་བ་དཀར་པོ།  འཇང་ཐང་། རྒྱལ་ཐང་། ས་ཐང་། རྒྱ་ནག་རི་པོ་རྩེ་ལྔ།  ཀོང་པོ། གནས་ཙྭ་རི། སྟོད་མངའ་རི་སོགས་དར་བས་ཤོ་ཙོམ་ཉི་ཟླ་ཟུང་གཅིག་ཅེས་སྙན་གྲགས་ཆེན་པོ་གྱུར།   ས་པཎ་དང་ཆོས་རྒྱལ་འཕགས་པ་སོགས་བླ་ཆེན་རྣམས་འགྲོ་འོང་དུས་སུ་བཞུགས་གནས་གལ་ཆེན་ཞིག་བྱས་སྲོལ་དར། ཕྱི་ལོ་༡༦༣༩་ལོ་སྲོག་དམག་གིས་དགོན་སྡེ་མང་པོ་གཏོར་བཤིག་ཁྲོད་སྨར་ཚང་གི་དགོན་མ་ལག་དང་བཅས་པར་གྱོང་གུད་ཆེན་པོ་གྱུར།  བོད་རྒྱ་ཚིག་མཛོད་སྨད་ཆ་ཤོག་གྲངས་༢༡༦༩་ལ་སྨར་ཚང་ཤེས་རབ་སེངྒེ་། སྨར་པ་བཀའ་བརྒྱུད་སྲོལ་བཏོད་པོ་ཡིན། ཕྱིས་སུ་ལུགས་དེ་ཁམས་དཔལ་ཡུལ་གྱི་རྙིང་མ་པ་དང་གཅིག་ཏུ་དྲིལ་ནས་དེའི་བླ་མ་རྣམས་ལ་ཀརྨ་པའི་ཡང་སྲིད་ཟེར་བ་འདི་ཚིག་དོན་གཉིས་ཀ་ནོར་བ་ཡིན་ཏེ། སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོ་དང་རི་ཆོས་ཡོན་ཏན་ཀུན་འབྱུང་།  ཆོས་དྲུག་གི་འགྲེལ་བ།  སྔོན་འགྲོ་ཁྲིད་ཀྱི་འཆད་ཐབས་སོགས་ཕ་ཆོས་ཀྱི་སྲོག་ཤིང་། མན་ངག་གི་སྙིང་བཅུད།  གདམས་ངག་གི་བདུད་རྩིའི་བརྒྱུད་པ་བཞུགས་ཡོད།  དུས་རབས་འདི་རིག་གཞུང་ཉམས་པ་སླར་གསོའི་དུས་ལ་བསྟུན་ནས་ཆོས་བརྒྱུད་འདིས་ཀྱང་ཉམས་པ་སླར་གསོ་ཆེད་སྨར་ཚང་སྲི་ཞུ་ཚོགས་པས་ལས་དོན་སྒྲུབ་བཞིན་པ་ཡིན།  །
ལོ་རྒྱུས་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་ཕབ་ཤུལ་མི་ཆོག་པར་ཞུ། །

   

  

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།