བྲག་གཡབ་སོགས་ལ་ཤོ་དགོན་གྱི་གནས་ཤུལ་ཡོད་མེད་བསྐོར་བགྲོ་གླེང་།

     བྲག་གཡབ་སོགས་ལ་ཤོ་དགོན་གྱི་གནས་ཤུལ་ཡོད་མེད་བགྲོ་གླེང་དང་འབྲེལ་མ་འོངས་པའི་ལས་དོན་ཇི་ལྟར་བསྒྲུབ་དགོས་པའི་བསྐོར་ཐེ་ཝན་དང་དབྱིན་ལེན་གྱི་ཚོགས་མི་རྣམས་འདུ་འཛོམས་སྐབས་སུ། སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོག་ཤིང་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་མཐར་མཇུག་བཀའ་སློབ།




འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཐོག་མ་བཀྲ་ཤིས་ཤོ་དགོན་གྱི་གནས་གང་དུ་ཡོད་མེད་ལོ་མང་ཉམས་ཞིབ་བྱས་པའི་གྲུབ་དོན་རྙེད་ཡོད་མེད་བསྐོར་བགྲོ་གླེང་དང་ཚོགས་འདུ་ཚོགས་པའི་རྣམ་པ་ཞིག་ཡིན།
མཐར་མཇུག་ལ། གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ལམ་སྟོན་གཏམ་བཤད་ཀྱི་ནང་དོན་སྙིང་པོ་ནི།
རིན་པོ་ཆེ་མཆོག་གིས་གསུངས་པ།

གདན་ས་ཤོ་དགོན་གྱི་གནས་ཤུལ་དེ་ང་ཚོས་ལོ་མང་འགོགས་ཀྱང་རུང་ནན་ཏན་ཆེན་པོས་ཉུལ་ཞིབ་བྱེད་དགོས་པ་ཞིག་རེད།
དེ་ཡང་དཔང་རྟགས་ཆ་མེད་ཡ་མེད་འགའ་ཞིག་ལ་གཞི་བཅོལ་ནས་ངོས་འཛིན་གཏན་ནས་བྱེད་མི་རུང་། གང་ཡིན་ཟེར་ན། ང་ཚོའི་གདན་ས་དེའི་གནས་དེ་སྨར་ཁམས་ཀྱི་ཁོངས་སུ་ཡོད་ན་འདྲ། བྲག་གཡབ་ཀྱི་ཁོངས་སུ་ཡོད་ན་འདྲ། ད་དུང་གོ་ཇོ་དང་ལྷ་སྲུང་ཁོངས་སུ་ཡོད་སྲིད་པ་རེད། ས་དེ་ཤོ་དགོན་གྱི་གནས་ཡིན་མིན་སྐྱེས་དངོས་རྙིང་པ་དང་། ཆོས་རྗེ་སྨར་པས་ཤོ་དགོན་གྱི་གནས་བཤད་། ས་སྐྱ་པཎ་ཆེན་གྱིས་ཤོ་དགོན་ལ་ཕུལ་བའི་སྤྲིངས་ཡིག ཆོས་རྗེ་སྨར་པའི་དངོས་སློབ་གྲུབ་ཆེན་གཤའ་པ་ཤེས་རབ་གྲགས་པའི་རྟོགས་བརྗོད་སོགས་ལོ་རྒྱུས་ཡར་ཁ་ཐག་ཉེ་བའི་རིགས་ལ་གཞི་བཅོལ་ནས་འཚོལ་དགོས་གལ་ཆེ་བ་ཡིན། ཕྱིས་སུ་བྲིས་པའི་ལོ་རྒྱུས་ལ་དངོས་ཡོད་ལས་ཀྱང་རྫུན་གཏམ་མང་བ། ཁུངས་ཡོད་ལས་ཀྱང་ཁུངས་མེད་མང་བས་བདེན་དཔང་བཅོལ་དཀའ་ཡང་དཔྱད་གཞི་གྲས་སུ་འཇོག་དགོས་ངེས་རེད། ང་ཚོ་ནོར་འཁྲུལ་གཏན་ནས་མེད་པའི་དགོན་ཤུལ་དེ་རྙེད་སོང་ན་གནས་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་ཚུལ་བླང་ཐུབ་པའི་ཆེད་དུ་ཁྲིམས་ལུགས་དང་མཐུན་པའི་དཔང་རྟགས་གྲལ་བསྒྲིག་བྱ་དགོས་ངེས་རེད། 
དཔེར་ན། བྲག་གཡབ་ཀྱི་ས་ལ་ད་ལྟ་ཤོ་དགོན་གྱི་གནས་ཡིན་ཟེར་ས་ཁག་གཉིས་པོ་དེ་ད་ལྟ་བར་དཔང་བརྟགས་ཁུངས་བཙན་ཞིག་རྙེད་བའི་རེ་བར་བྱས་ནས་ལོ་བཅུ་ཙམ་བསྒུགས་བསྡད་པ་རེད། ཁོང་ཚོས་ཤོ་དགོན་བྲག་གཡབ་ཀྱི་ས་ཁོངས་ཡོད་རབས་དེབ་སྔ་ཕྱི་གཉིས་ཙམ་བྲིས་པ་རེད། དེ་ཚོ་ནང་ལ་ཁུངས་མེད་དགོས་མེད་མང་པོ་ཞིག་དྲངས་ནས་སྐྱར་བཤད་ཡང་བཤད་བྱས་པའི་སྙིང་པོ་བསྡོམས་རྒྱག་ན། སྨར་ཤོད་ཟེར་བའི་ཚིག་ཟུར་གཅིག་དེ་འཇུས་ནས་དེ་བྲག་གཡབ་ཡིན་པར་གོ་དགོས་ཚུལ་ལྐུག་པ་ཨུ་འཚུགས་བྱས་བསྡད་པ་དེ་རེད། ངས་རེ་སྒུག་གཙོ་བོ་དེ་བྲག་གཡབ་ཆེན་ཚང་རིན་པོ་ཆེ་སོགས་གནད་ཡོད་མི་སྣ་ཞིག་དང་བློ་གཟུར་བོ་གནས་པའི་མི་སྣ་ཞིག་གིས་ཁུངས་བཙན་ལྡན་པའི་ལོ་རྒྱུས་ཤིག་འབྲི་ཡོང་བའི་རེ་བ་བྱེད་པ་ཡིན་ཏེ། ད་བར་དེ་ལས་ལྡོག་ཏེ་བཀྲ་ཤིས་ཚེ་རིང་སོགས་རྩ་ཐང་ཐང་མེད་མཁན་འགའ་ཤས་ཀྱིས་གཞི་མེད་ཁུངས་མེད་བཤད་བསྡད་པ་དེ་རེད། ཁོང་ཚོ་ཁྲིམས་ཁང་ནང་དུ་ཁྲིད་འགྲོ་ན་ངས་བསམ་ཚུལ་ཡིན་ཟེར་མཁན་གྲས་དེ་རེད།
 ཡུལ་དེའི་མི་སྣ་གལ་ཆེན་གྱིས་བྲིས་པ་དང་བཤད་པའི་སྒྲ་ཐག་མཁོ་བསྒྲུབ་བྱེད་དགོས་པ་རེད། མ་འོངས་པ་བོད་དེ་རང་ས་རང་བདག་གི་དུས་ཤིག་ཤར་བའི་ཉིན་མོར་ཁྲིམས་ལུགས་ལག་བསྟར་བྱེད་ནས་དགོན་པའི་གནས་ཤུལ་དེ་ཚུལ་བླང་དུས། དེ་དག་དཔང་བརྟགས་ཆེན་ཤོས་ཤིག་གྱུར་ངེས་རེད། ཤོ་དགོན་ཆགས་སའི་ཉེ་འཁོར་གྲོང་པ་ཐམས་ཅད་དགེ་ལུགས་དང་ཡང་ན་ཆོས་ལུགས་གཞན་ཞིག་ལ་འགྱུར་ཟིན་ཀྱང་གནས་དེ་ཚུལ་བླང་ཆོག་པ་རྒྱལ་སྤྱིའི་ཁྲིམས་ལུགས་ནང་དུ་ཡོད་པ་རེད།
དཔེར་ན། ནང་པའི་གནས་ཆེན་རྡོ་རྗེ་གདན། ན་ལེ་ཌ། ཝ་ར་ན་སི་སོགས་ཉེར་འཁོར་ཡོངས་རྫོགས་སྔར་ནང་པ་ཡིན་ཀྱང་ཕྱིས་སུ་གནས་ཁོ་རང་མུ་སྟིགས་པ་གྱུར་ཟིན་ཀྱང་། ནང་པས་ཆོས་ཚོགས་བཙུགས་ནས་ཚོགས་པའི་མིང་ཐོག་ནས་ཁྲིམས་ལ་བསྐྱེལ་ནས་ཚུལ་བླངས་ཐུབ་པ་བྱུང་བ་རེད། ང་ཚོ་གནས་བདག་ཡིན། ང་ཚོ་ད་ལྟ་ཧེ་ཏུང་ཆོས་ལུགས་ཡིན། དེ་ཁྱོད་ཚོ་ནང་པ་ལ་བདག་དབང་མེད་ཟེར་ས་ཡོད་མ་རེད།  དགོན་པ་དང་མཆོད་རྟེན་ཆགས་ས་དེ་རང་ཚུལ་བླང་ཆོག་པ་རེད། འཛམ་གླིང་ནང་དུ་གཞན་གྱིས་དབང་བསྒྱུར་བྱས་ནས་ཆོས་ལུགས་གཞན་དུ་བསྒྱུར་ཟིན་ཀྱང་གནས་དེ་ཆོས་ལུགས་དེ་རྒྱུན་འཛིན་ཚོས་རྩོད་ལེན་བྱས་ནས་ཚུར་ལེན་ཐུབ་པའི་དཔེ་མཚོན་མང་པོ་རེད། ང་ཚོ་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཤོ་དགོན་དེ་སོག་པོ་དང་༧གོང་ས་ལྔ་པ་ཆེན་པོས་གཏོར་བཤིག་བཏང་བའི་ལོ་རྒྱུས་ཀྱི་དཔང་བརྟགས་བཙུགས་ནས་ཚུལ་བླང་ཐུབ་ཐབས་བྱེད་དགོས་པ་རེད།
འདི་ང་གསོན་པོ་བསྡད་པའི་རིང་ལ་གོ་སྐབས་བྱུང་ན་ངེས་པར་བླང་རྒྱུ་ཡིན། གལ་ཏེ་ང་ཤི་སོང་ན་ཁྱོད་ཚོ་ལ་ཁ་ཆས་ལྟ་བུ་ཡིན་ཟེར་ན་མི་འོས་པ་མེད་ཅེས་སོགས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
 
 
 



 

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།